དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག

2025.01.13
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག སྟོད་དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ།
མི་སེར་གྱི་འདྲ་པར།

དེ་ཡང་(USGS) ཞེས་ཨ་རིའི་ས་ཁམས་དཔྱད་རིག་སྡེ་ཚན་གྱིས་སྤེལ་བའི་གྲངས་ཐོ་གཞིར་བཟུང་། ཕྱི་ཟླ་ ༡ ཚེས་ ༡༣ ཉིན། བོད་ནང་གི་དགོང་མོའི་ཆུ་ཚོད་༨ དང་སྐར་མ་ ༥༨ ཐོག་བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒོ་ཤང་དུ་སླར་ཡང་ས་ཡོམ་འགུལ་ཚད་རིམ་པ་ ༥.༡ བརྒྱབ་ཡོད་པ་དང་། དེ་བཞིན་འགུལ་འཕྲོ་ས་ཡོམ་དེ་ལས་ཆུང་བ་ ༤.༦ཡོད་པ་བབརྒྱབ་ཡོད་པས། ས་ཡོམ་འདི་ནི་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༧ ཉིན་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བབརྒྱབ་ཡོད་པ་དེའི་རྗེས་འགུལ་འཕྲོ་ས་ཡོམ་ལྷག་ཆིག་སྟོང་ལྷག་བྱུང་ཡོད་པའི་ནང་གི་ཤུགས་ཆེ་ཤོས་དེ་ཡིན་པ་དང་། ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་ཡང་ཉེ་ཆར་གྱི་ས་ཡོམ་ལྟེ་བ་བྱུང་ཡུལ་དིང་རི་རྫོང་གི་གྲམ་མཚོ་ཤང་ངམ་ཡུལ་ཚོ་ནས་བར་ཐག་སྤྱི་ལེ་༩ ཡི་མཚམས་སུ་ཡིན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་༡༠ཟིན་ཡོད་ལུགས་བཀོད་འདུག
ཐེངས་འདིར་དིང་རིར་གསར་ཏུ་བྱུང་བའི་ས་ཡོམ་འགུལ་ཚད་རིམ་པ་༥ལྷག་ཅན་དེའི་ནང་ད་སྔ་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་ལུགས་དང་། སྔར་ལས་ལྷག་པའི་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་དིང་རི་རྫོང་གི་རྫོང་དཔོན་བཀྲིས་དོན་གྲུབ་ཀྱིས་བརྗོད་པ་རྒྱ་ནག་གི་གསར་ལམ་ཁག་ནང་བསྒྲགས་འདུག
ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། སྤྱི་ཚེས་༡༣ཉིན་གྱི་དིང་རིར་བསྐྱར་ཏུ་བྱུང་བའི་ས་ཡོམ་དེའི་འགུལ་ཚད་རིམ་པ་ ༥.༡ ཡིན་པ་དང་། ས་ཡོམ་ལྟེ་བ་བྱུང་ཡུལ་དིང་རི་རྫོང་གི་མཚོ་སྒོ་ཤང་དུ་ཡིན་པ་འཁོད་འདུག་ལ། རྒྱ་ནག་གཞུང་གིས་འགུལ་འཕྲོ་ས་ཡོམ་འགུལ་ཚད་རིམ་པ་༥ཡིན་པ་བསྒྲགས་འདུག
ཕྱི་ཟླ་དང་པོའི་ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་སྟོད་དིང་རི་རྫོང་གྲམ་མཚོ་ཁུལ་གྱི་ཡུལ་སྡེ་ཁག་དང་། མཚོ་སྒོའི་ཡུལ་སྡེ་ཁག་གཙོ་བོར་གྱུར་བའི་ས་གནས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། དེ་བཞིན་གཏིང་སྐྱེས་རྫོང་དང་ངམ་རིང་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ ༧.༡ ཅན་ཞིག་བརྒྱབས་པའི་གོད་ཆགས་ཁྲོད་རྒྱ་ནག་གཞུང་འབྲེལ་ལྟར་ན། ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་མི་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པ་རྒྱ་ནག་གཞུང་གིས་བསྒྲགས་ཡོད་ཀྱང་། སྤྱི་ཚེས་༡༡ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས། དིང་རི་རྫོང་གི་སྨན་བཅོས་མི་སྣ་ཞིག་དང་མཉམ་དུ་ས་གནས་སུ་མི་སྣ་རྐྱེན་འདས་ཀྱི་གྲངས་འབོར་ཐད་སྐད་ཆ་འདྲི་དུས། ཕུང་པོར་བདག་གཉེར་བྱེད་མཁན་སྨན་བཅོས་མི་སྣ་དེས་བརྗོད་པ་བཞིན་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་ཀྱི་ནང་རྐྱེན་འདས་ཕྱིན་པའི་མི་གྲངས་བཞི་བརྒྱ་ལས་བརྒལ་ཡོད་པ་ཚོད་དཔག་བྱས་ཡོད།

* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།

* བོད་ཀྱི་བླ་ཆེན་རྣམ་པས་ཐུགས་གསོ་བསྔོ་སྨོན་གནང་བའི་གནས་ཚུལ།

* འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ཚོས་ཐུགས་གསོ་གནང་བའི་གནས་ཚུལ།

* འཛམ་གླིང་ཡུལ་གྲུ་གང་སར་གདུང་སེམས་མཉམ་སྐྱེས་གནང་པ།


གསར་འགོད་པ། བསོད་ནམས་ལྷ་མོ།  སྟག་ལྷ་རྒྱལ།  བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎