བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་གཞིས་ཀ་རྩེ་དང་དིང་རི་ཕྱོགས་སུ་ཡུལ་ཚོ་རེ་རེ་བྱས་ཏེ་ས་ཡོམ་སྐོར་གྱི་གནས་ཚུལ་སྤྱི་ཚོགས་དྲྭ་ལམ་དུ་གཏོང་མི་ཆོག་པའི་བཙན་སྐུལ་བྱེད་བཞིན་ཡོད་པ་དང་། ས་ཡོམ་བྱུང་སའི་ས་གནས་སུ་ཡོང་མཁན་ཚོར་ཉེན་རྟོག་པས་སྐོར་སྲུང་འོག་དྲྭ་ལམ་ཐད་གཏོང་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་པ་དང་། དྲྭ་ལམ་ཁག་ཏུ་བོད་མི་ཚོས་གཏོང་བཞིན་པའི་ས་ཡོམ་དང་འབྲེལ་བའི་པར་དང་བརྙན་སོགས་ནག་བསུབ་བཏང་སྟེ་མཐོང་མི་ཐུབ་པ་བཟོ་བཞིན་འདུག་ལ། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གྱིས་ཕྱི་ཚེས་༡༥ ཉིན་བསྒྲགས་པ་ལྟར་ན། དྲ་རྒྱ་བཀོལ་སྤྱོད་པ་༢༡ ལ་བོད་ནང་གི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པར་ཉེས་ཆད་བཏང་ཡོད་པ་བསྒྲགས་འདུག་ལ། འདི་ནི་འདས་པའི་བདུན་ཕྲག་གཅིག་གི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོས་བརྗོད་པ་ལྟར། དྲྭ་ཐོག་གཙང་སེལ་ཞེས་པའི་མིང་ཐོག་ནས་ད་བར་དྲྭ་ཐོག་གནས་ཚུལ་བཤད་མཁན་དང་གནས་ཚུལ་སྤེལ་མཁན་ས་ཡོམ་གྱི་གོད་ཆགས་ཁྲོད་འདས་གྲོངས་གྱུར་བའི་གྲངས་ཐོའི་སྐོར་རྫུན་གཏམ་ཁྱབ་སྤེལ་བྱས་པར་ཉེས་འཛུགས་བྱས་ཡོད་པ་དང་། མི་སྣ་དེ་དག་གིས་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ ༢༠༠ ལྷག་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་གཅིག་གིས་ ༢༦༥ ཡིན་པའི་གནས་ཚུལ་སྤེལ་ཡོད་པ་དེ་དག་རྒྱུ་མཚན་དུ་ལུང་འདྲེན་བྱས་འདུག ཡིན་ན་ཡང་ཉེས་ཆད་ག་རེ་བཅད་མིན་སོགས་ཁ་གསལ་མི་འདུག
རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་མི་མང་ལ་བདེ་འཇགས་བསྐྲུན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། ད་བར་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་ཁ་གྲངས་དང་ས་ཡོམ་གྱི་དོན་དངོས་གནས་ཚུལ་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་ས་ཡོམ་བྱུང་ཡུལ་དུ་ཡུལ་མི་ཞིག་གིས་ས་ཡོམ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་བཤད་ན་དམ་དྲག་བྱས་ཡོང་གི་འདུག་པས། ད་ནས་བཟུང་ང་ལ་ས་ཡོམ་སྐོར་གྱི་གནས་ཚུལ་དྲིས་ན་བཤད་ཐབས་མེད་ཅེས་བརྗོད་བཞིན་པ་མཐོང་རྒྱུ་འདུག
རྒྱ་ནག་གཞུང་གི་སྤྱི་བདེ་དྲ་རྒྱ་བདེ་འཇགས་ལས་ཁུངས་ཀྱིས་གཞིས་ཀ་རྩེའི་ས་ཡོམ་དང་འབྲེལ་བའི་དྲ་རྒྱའི་འུར་གཏམ་ལ་མུ་མཐུད་དེ་དམ་བསྒྲགས་བྱ་རྒྱུ་དང་། དྲ་རྒྱའི་འུར་སྒྲོག་དང་། ཁྱབ་སྤེལ། དར་ཁྱབ་ བཅས་ལ་དམ་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཕྱི་ཚེས་ ༡༤ ཉིན་ཤེས་རྟོགས་བྱུང་པར་གཞིགས་ན། ཁ་པར་ཐོག་ནས་རོགས་སྐྱོར་གྱི་ཞལ་འདེབས་སྤྲོད་རེས་བྱེད་པར་བཀག་བསྡོམས་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་ཅིག་གིས་བརྗོད་ན། ད་རེས་མང་ཚོགས་ཀྱིས་དྭང་བླངས་ཞལ་འདེབས་ཧ་ཅང་མང་པོ་ཕུལ་གྱི་ཡོད་པར་བརྟེན། རྒྱ་ནག་གཞུང་ལ་ཁ་སྐྱེངས་པོ་བྱུང་པ་རེད་ཟེར་བ་དང་། ད་ལྟའི་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་། ས་གནས་སོ་སོའི་གཞུང་འབྲེལ་བརྒྱུད་ལམ་ཐོག་ས་ཡོམ་གྱི་གནས་ཚུལ་བཀོད་ཡོད་པ་ལས། དྲྭ་རྒྱའི་ཐོག་གྲགས་ཆེ་བའི་མི་སྒེར་གྱི་ཁ་བྱང་ཐོག་ས་ཡོམ་སྐོར་ལ་དམ་དྲག་བྱས་པར་བརྟེན་ས་ཡོམ་གྱི་གནས་ཚུལ་བཤད་མཁན་ཉུང་དུ་སོང་ཡོད་པ་བརྗོད་བྱུང་།
ཕྱི་ཟླ་དང་པོའི་ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་སྟོད་དིང་རི་རྫོང་གྲམ་མཚོ་ཁུལ་གྱི་ཡུལ་སྡེ་ཁག་དང་། མཚོ་སྒོའི་ཡུལ་སྡེ་ཁག་གཙོ་བོར་གྱུར་བའི་ས་གནས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། དེ་བཞིན་གཏིང་སྐྱེས་རྫོང་དང་ངམ་རིང་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ ༧.༡ ཅན་ཞིག་བརྒྱབས་པའི་གོད་ཆགས་ཁྲོད་རྒྱ་ནག་གཞུང་འབྲེལ་ལྟར་ན། ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་མི་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པ་རྒྱ་ནག་གཞུང་གིས་བསྒྲགས་ཡོད་ཀྱང་། སྤྱི་ཚེས་༡༡ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས། དིང་རི་རྫོང་གི་སྨན་བཅོས་མི་སྣ་ཞིག་དང་མཉམ་དུ་ས་གནས་སུ་མི་སྣ་རྐྱེན་འདས་ཀྱི་གྲངས་འབོར་ཐད་སྐད་ཆ་འདྲི་དུས། ཕུང་པོར་བདག་གཉེར་བྱེད་མཁན་སྨན་བཅོས་མི་སྣ་དེས་བརྗོད་པ་ལྟར་ན་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་ཀྱི་ནང་རྐྱེན་འདས་ཕྱིན་པའི་མི་གྲངས་བཞི་བརྒྱ་ལས་བརྒལ་ཡོད་པ་ཚོད་དཔག་བྱས་ཡོད།
* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།
* བོད་ཀྱི་བླ་ཆེན་རྣམ་པས་ཐུགས་གསོ་བསྔོ་སྨོན་གནང་བའི་གནས་ཚུལ།
* འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ཚོས་ཐུགས་གསོ་གནང་བའི་གནས་ཚུལ།
* འཛམ་གླིང་ཡུལ་གྲུ་གང་སར་གདུང་སེམས་མཉམ་སྐྱེས་གནང་པ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།