ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་ལགས་ལ་ཐུགས་རྗེ་ཆེ་ཞུས་འདུག

2022.06.06
Share on WhatsApp
Share on WhatsApp
ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་ལགས་ལ་ཐུགས་རྗེ་ཆེ་ཞུས་འདུག ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་ལགས་ལ་ཐུགས་རྗེ་ཆེ་ཞུས་སྐབས། ༠༦།༠༦།༢༠༢༢
ཨྱོན། /RFA

འདི་ཟླའི་ཚེས་༦ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ས་གནས་བོད་མི་ཚོས། ཨ་མི་རི་ཀའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས་ཆེད་དུ་བོད་མིའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་དུ་གདན་ཞུ་གནང་ནས། ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།
སྐབས་དེར་སྐུ་ཞབས་(Enes Kanter Freedom)་ལགས་ཀྱིས། བོད་མི་ཚོའི་འཐབ་རྩོད་བརྒྱུད་ཁོང་ལ་སྙིང་སྟོབས་དང་རེ་བ་གསར་པ་ཞིག་བསྐྲུན་གནང་སྐོར་གསུངས་ནས། རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཇི་ཙམ་བཟུང་ཡང་རིམ་པས་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། བོད་མི་ཚོས་སེམས་ཤུགས་མ་ཆགས་པར་འཐབ་རྩོད་རྒྱུན་འཁྱོངས་གནང་གལ་ཆེ་བ་དང་། ལྷག་པར་དུ་བོད་པ་དང་ཤར་ཏུར་ཀིསུ་ཐན། ཧོང་ཀོང་པ། རྒྱ་ནག་དམངས་གཙོ་དོན་གཉེར་བ། ཐེ་ཝན་བཅས་ཚང་མས་མཉམ་རུབ་ཀྱིས་ནུས་པ་མཉམ་སྤུངས་བྱས་ནས་འཐབ་རྩོད་བྱས་ན་རྒྱ་ནག་དམར་ཤོག་གཞུང་ཉིན་ཅིག་ཕམ་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་གནང་བ་དང་། ད་དུང་ཁོང་གིས། ཁོང་ནི་ཆུང་དུས་ནས་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པ་དང་། ཟླ་ཤས་གོང་༧གོང་ས་མཆོག་དང་ལྷན་མཇལ་མོལ་ཞུ་རྒྱུ་བྱུང་བ་བཞིན་མགོན་པོ་གང་ཉིད་ཀྱི་དགོངས་གཞི་ལྟར། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱི་ནུས་པ་མཉམ་སྤུངས་བྱས་ན་འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཆགས་ཐུབ་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་གནང་སོང་།
ཨོན་ཏྲེ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ནས་ཚོགས་པ་ཚང་མའི་ཚབ་བྱས་ནས་སྐུ་ཞབས་(Enes Kanter Freedom)་ལགས་སུ། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་། བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་བ་མ་ཟད། ཁོང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་མཉམ། བོད་མི་གཙོས་རྒྱ་ནག་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་གཞན་དང་བཅས་བ་ཚང་མ་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐུན་མོང་གིས་ཐུགས་རྗེ་ཆེ་མཚོན་སླད་ཕྱག་རྟགས་ཕུལ་ཡོད་པ་དང་། མཐར་ས་གནས་བོད་རིགས་རུ་ཁག་གཉིས་བཟོས་ནས་ཁོང་རྣམས་དང་ལྷན་དུ་ལག་རྩེད་སྤོ་ལོ་རྩེད་ནས་མཛད་རིམ་མཇུལ་སྒྲིལ་ཡོད་པ་རེད།

Enes Kanter Freedom canada.jpg
ད་ཐེངས་སྐུ་ཞབས་(Enes Kanter Freedom)་ལགས་ཤར་ཏུར་ཀིསུ་ཐན་གྱི་ཚོགས་པས་གདན་ཞུས་གནང་བའི་སྐབས་དང་བསྟུན། ཀྲོ་རོན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡིས་ཚབ་གནང་ནས་མཉམ་དུ་ལམ་ཞོར་གདན་ཞུ་གནང་བ་ཞིག་ཡིན་པ་དང་། ཁོང་ཤར་ཏུར་ཀིསུ་ཐན་ཚོགས་པས་གདན་ཞུས་ལྟར་ཨོ་ཏྲ་ཝ་རུ་གྲོས་ཚོགས་ཀྱིས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱི་མཛད་འཆར་ཡོད་པ་དང་། རིང་མིན་སྤྱི་ཟླ་བདུན་པའི་ཚེས་དགུ་ཉིན་༧གོང་ས་མཆོག་གིས་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ཉིན་མོར་ཁོང་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎