པེ་ཅིང་གི་Sitongཟམ་པ་སྟེང་ངོ་རྒོལ་མཁན་ Peng Lifa གློད་གྲོལ་གཏོང་བའི་དགོས་འདུན་གཏོན་པ།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གིས་ཕྱི་ཚེས་ ༡༡ ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ལོ་ངོ་གཉིས་ཀྱི་གོང་པེ་ཅིང་གི་ Sitong ཟམ་པའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཏོག་དབྱིབས་བཅུ་དགུའི་ནད་ཡམས་ཀྱི་དམ་དྲག་ཐོག་ངོ་རྒོལ་གྱིས་འཕྲེད་དར་དཔྱངས་མཁན་དེ་ད་ཆ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་སྐོར་སྤྱི་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད་།
རྒྱ་ནག་གི་དཔོན་རིགས་ཚོས་ད་བར་གོང་ཞུས་ཀྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་སུ་ཡིན་དང་ཁྲིམས་ཐག་གཅོད་པ་སོགས་གང་ཡང་གསལ་པོ་བཟོས་མེད་ནའང་མི་མང་པོ་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་ལོ་ན་ལྔ་བཅུར་སོན་པའི་ Peng Lifa ཡིན་པའི་སྐོར་བརྗོད་ཀྱི་ཡོད་པ་རེད་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Wang Songlian ཡིས། རྒྱ་ནག་གཞུང་གིས་ Peng Lifa འཛིན་བཟུང་དོ་དམ་བྱས་པ་དེས་རྒྱ་ནག་ནང་རང་དབང་དང་མང་གཙོའི་ཐོག་རྒྱབ་སྐྱོར་ཤུགས་ཆེའི་མེ་འཚག་འཐོར་བ་ཞིག་ཆགས་ཡོད། ཁོང་འཛིན་བཟུང་དོ་དམ་བྱས་ནས་ལོ་ངོ་གཉིས་འགྲོ་གི་ཡོད་ནའང་ཁོང་གི་ངོ་རྒོལ་གྱི་བརྗོད་ཚིག་གི་བྲག་ཅ་དེ་ལངས་བཞིན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁོང་གི་ནང་མི་རྣམས་ཀྱང་བཟང་བཙོན་ནང་བཞག་ཡོད་ཚོད་འདུག་ཅེས་བརྗོད་ཡོད་པ་རེད།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ པའི་ཚེས་ ༡༣ ཉིན་ Peng Lifa ཡིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ Sitong ཟམ་པའི་སྟེང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་དང་རྒྱལ་ཚོང་བ་ཡིན་པས། སྲིད་དབང་གི་གོ་ས་ནས་རྩ་དགོངས་གཏོང་དགོས་པ་སོགས་ཀྱི་འཕྲེད་དར་དཔྱངས་པར་བརྟེན། དུས་ཚོད་ཧ་ཅང་ཛ་དྲག་གི་སྐབས་དེར་ངོ་རྒོལ་བྱུང་བར་རྒྱལ་སྤྱི་དང་རྒྱ་ནག་ནང་སྐད་གྲགས་ཆེན་པོ་བྱུང་སྟེ། ལས་འགུལ་པ་ཁོང་འཕྲལ་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་བར་ལོ་གཉིས་འཁོར་ཡོད་ནའང་། ཁོང་གི་བདེ་འཇགས་དང་གར་ཡོད་ཀྱི་གནས་ཚུལ་གསལ་ཁ་མེད་པ་རེད་དེ། ཁོང་གི་ལས་འགུལ་གྱི་ཤུགས་རྐྱེན་གྱིས་རྒྱ་ནག་ནང་མང་གཙོའི་ལས་འགུལ་དང་ཤོག་བུ་དཀར་པོའི་ལས་འགུལ་སོགས་བྱུང་བ་མ་ཟད། རྒྱལ་སྤྱིའི་སྲིད་དོན་པ་ཚོའི་ནང་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་བསམ་འཆར་འདོན་མཁན་དང་༢༠༢༣ལོའི་Times དུས་དེབ་ནང་ཁོང་འཛམ་གླིང་ཐོག་གི་མི་སྣ་ཤུགས་རྐྱེན་ཆེ་ཤོས་བརྒྱ་ཡི་མིང་གཞུང་ནང་ཚུད་ཡོད་པ་རེད།
ལོ་གཉིས་གོང་གི་ངོ་རྒོལ་གྱི་ལས་འགུལ་དེའི་སྐབས་དམངས་གཙོ་དོན་གཉེར་བ་Peng Lifaཁོང་གིས་འཕྲེད་དར་གཞན་ཞིག་གི་སྟེང་། ང་ཚོ་ལ་ཟ་མ་དགོས་པ་ལས་ནད་དུག་བརྟག་དཔྱད་མི་དགོས། རང་དབང་དགོས་པ་མ་གཏོགས་ཁྱིམ་སྡོད་བཀའ་རྒྱ་མི་དགོས།ང་ཚོར་གུས་བརྩི་དགོས་པ་ལས་མགོ་སྐོར་མི་དགོས། བཅོས་བསྒྱུར་དགོས་པ་མ་གཏོགས་རིག་གནས་གསར་བརྗེ་མི་དགོས། འོས་ཤོག་འཕེན་བཅུག་དགོས་པ་མ་གཏོགས་དབུ་ཁྲིད་ཆེན་པོ་དགོས་དོན་མེད། ང་ཚོ་མི་སེར་བྱ་འདོད་ཡོད་མ་གཏོགས་བྲན་གཡོག་བྱ་འདོད་མེད་ཅེས་ཀྱང་འཁོད་ཡོད་པ་རེད།
གསར་འགོད་པ། ལྷུན་འགྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།