དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༧ ཐུན་མོང་གིས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པ་ནན་བརྗོད་གནང་འདུག

2024.11.27
དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༧ ཐུན་མོང་གིས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པ་ནན་བརྗོད་གནང་འདུག དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༧གྱི་G7ཚོགས་ཆེན་སྐབས། ༢༠༢༤།༡༡།༢༦ ཉིན།
X/@SecBlinken

ཡོ་རོབ་ཨི་ཊ་ལིར་ ༢༠༢༤ ཟླ་ ༡༡ ཚེས་ ༢༥ ནས་ ༢༦ བར་ཚོགས་པའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༧ གྱི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་ནས་བོད་དང་ཤིན་ཅང་ཚུད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་མུ་མཐུད་སེམས་འཚབ་ཡོད་ཅེས་སྤྱི་བསྒྲགས་སྤེལ་བ་འདུག་པ་ལྟར། རྒྱལ་ཁབ་ ༧ གྱི་ཕྱི་སྲིད་བློན་ཆེན་ཐུན་མོང་ནས་སྤེལ་བའི་བསྒྲགས་གཏམ་དེའི་དོན་ཚན་ལྔ་པའི་ཆ་ཤས་གཅིག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གིས་སྤེལ་བཞིན་པའི་བྱ་སྤྱོད་ལ་བློ་འཚབ་ཆེན་པོ་ཡོད་པ་གསུངས་ཡོད་པ་ནི། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་བློན་ཆེན་རྣམས་པས་བོད་ཀྱི་གནས་སྟངས་དེ་གནད་འགག་ཅིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསལ་པོ་ཤེས་རྟོགས་ཐུབ་པ་ཡིན་པས། བོད་མི་རྣམས་ནས་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཤུགས་ཆེ་བྱ་དགོས་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

468548359_968248831998606_899342754784676703_n.jpg

དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༧ ཐུན་མོང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་།  རྒྱལ་ཁབ་ ༧ གྱིས་བོད་དང་ཤིན་ཅང་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་བློ་འཚབ་ཡོད་ཅིང་། ཧོང་ཀོང་ནང་གི་ཉམས་ཐག་པའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གི་གནས་སྟངས་སོགས་སྤྱི་ཚོགས་འཐོར་བཤིག་ཏུ་འགྲོ་བཞིན་པའི་ཐད་ལའང་མུ་མཐུད་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གྱིས། རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བའི་འཐབ་རྩོད་པ་དང་ཆབ་སྲིད་མི་སྣ་ ༤༥ ལ་ཁྲིམས་ཐག་བཅད་པ་དེས། ཧོང་ཀོང་གི་རྩ་ཁྲིམས་ནང་གསལ་བའི་མང་གཙོའི་ལམ་ལུགས་ལ་དོ་ཕོག་འཚབ་ཆེ་བཟོས་ཡོད་པ་མ་ཟད། ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་ལའང་ཡིད་ཆེས་བརླག་པའི་རྐྱེན་རྩར་གྱུར་ཡོད་ཅིང་། དེས་ཧོང་ཀོང་གི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་ཁྲིམས་ཀྱི་གནད་ལུགས་དང་། ལྷག་པར་ཧོང་ཀོང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་པ་རྣམས་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། གནད་དོན་དེ་དག་ནི་རྒྱ་ནག་གཞུང་གིས་མང་གཙོའི་ལམ་ལུགས་ལ་གནོད་སྐྱོན་འཚབ་ཆེ་བཟོས་པའི་དཔེ་མཚོན་གསལ་པོ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་འཚབ་སློང་གཞི་ཞིག་ཏུ་གྱུར་ཡོད་པ་བསྒྲགས་འདུག་ལ། རྒྱ་ནག་གཞུང་དང་ཧོང་ཀོང་གི་དབང་འཛིན་པ་ཚོར་རྒྱལ་སྤྱིའི་རྩ་ཁྲིམས་ནང་གསལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ནན་པོ་བྱ་དགོས་རྒྱུ་དང་། རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་། མང་གཙོའི་སྒྲིག་འཛུགས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་རྣམས་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་སྦྲགས། དེ་འདྲའི་བྱ་སྤྱོད་ལ་རྒྱབ་སྐྱོར་མེད་ཅེས་གསུངས་འདུག

གནད་དོན་དེ་དང་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། ཐེངས་འདིའི་བསྒྲགས་གཏམ་དེའི་བརྒྱུད་རྒྱ་ནག་གིས་མང་གཙོའི་རྒྱལ་ཁབ་རྣམས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ་དེར་རྒྱལ་ཁབ་གཞན་རྣམས་ཐུན་མོང་གིས་དེར་གདོང་ལེན་བྱེད་བཞིན་པའི་རྣམ་པ་གསལ་པོ་མངོན་གསལ་ཐུབ་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དུས་ནམ་ཞིག་གླེང་སློང་གནང་སྐབས་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་རྒྱལ་སྤྱིའི་ཁྲོད་འབུར་དུ་ཐོན་བཞིན་ཡོད་པ་དེ་གསལ་པོར་རྟོགས་ཐུབ་པ་ཡིན་ཞེས་གསུངས་བྱུང་།

རྩ་བའི་(G7)ཞེས་པ་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་པོ་ནི་ཨ་མི་རི་ཀ་དང་། ཧྥ་རན་སི། དབྱིན་ཡུལ། ཨེ་ཊ་ལི། ཇར་མན་ནི། ཁེ་ན་ཌ། ཉི་ཧོང་བཅས་ཡིན་པ་དང་། རྒྱལ་ཁབ་བདུན་པོ་དེ་འཛམ་གླིང་གི་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཀྱི་ཚབ་མཚོན་གནང་གི་ཡོད་པ་རེད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎