གདན་ས་ཁག་ཆེས་མཐོའི་གཙུག་ལག་ཁང་དུ་ཚད་འཛིན་ཐོབ་ཆེད་ནང་པའི་སློབ་གཉེར་ཁང་ཞིག་དབུ་འཛུགས་ཞུ་རྒྱུ་ཡིན་འདུག

2022.07.04
Share on WhatsApp
Share on WhatsApp
གདན་ས་ཁག་ཆེས་མཐོའི་གཙུག་ལག་ཁང་དུ་ཚད་འཛིན་ཐོབ་ཆེད་ནང་པའི་སློབ་གཉེར་ཁང་ཞིག་དབུ་འཛུགས་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་༧ པའི་ཚེས་༤ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་པ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ཤེས་ཡོན་སློབ་སྟོན་པ་རྣམ་པ་བཅས་བཞུགས་སྒར་རྡ་རམ་ས་ལར་ཆེད་འཛོམས་ཀྱིས། ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་བཀོད་དེ། རྩ་འཛིན་ཡིག་ཆ་དེ་ཉིད་མཇལ་ཁའི་སྐབས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་སྔ་རྗེས་སྩལ་བ་གཞིར་བཟུང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་སློབ་ཚན་ལྡན་པའི་ནང་པའི་སློབ་གཉེར་ཁང་(The Buddhist Institute)ཞེས་པ་ཞིག་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ པའི་ཚེས་༦ ཉིན་ཏེ་༸རྒྱལ་བའི་འཁྲུངས་སྐར་ཉིན་དབུ་འཛུགས་ཞུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ངེས་སྟོན་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས། ནང་པའི་སློབ་གཉེར་ཁང་གི་ལྟེ་གནས་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གསར་འཛུགས་གནང་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དང་། དེང་གི་ཚན་རིག ནུབ་ཕྱོགས་ཀྱི་ལྟ་གྲུབ། རྒྱལ་རབས་ལོ་རྒྱུས། དེ་བཞིན་ཨང་རྩིས་སོགས་སློབ་སྦྱོང་གི་གོ་སྐབས་སྐྱ་སེར་ཀུན་ལ་ཆ་མཉམ་ཕུལ་ཏེ་ཤེས་ཡོན་གྱི་སྤུས་ཚད་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་པ་མ་ཟད། སློབ་གཉེར་ཁང་དེ་ཉིད་རིམ་གྱིས་གཙུག་ལག་སློབ་གཉེར་ཁང་སྟངས་འཛིན་ལྷན་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་༡༩༥༦ ལྟར། རྒྱ་གར་དབུས་གཞུང་གིས་ཆེས་མཐོའི་གཙུག་ལག་ཁང་དུ་ཚད་འཛིན་ཐོབ་ཆེད་ཡིན་པ་འགྲེལ་བརྗོད་གནང་བྱུང་།  

ཕྱི་ཟླ་༧ པའི་ཚེས་༤ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། ནང་པའི་སློབ་གཉེར་ཁང་གི་ལས་གཞི་དང་འབྲེལ་བའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། ནང་པའི་སློབ་གཉེར་ཁང་གི་གསར་བཙུགས་ལས་གཞི་དང་དམིགས་བསལ་འབྲེལ་བ་ཡོད་པའི་རྒྱ་གར་བ་སྐུ་ཞབས་Ashoka Thakur ལགས་ཀྱིས།  ད་རེས་མཇལ་ཁའི་སྐབས། ༸གོང་ས་ཏྭ་ལའི་བླ་མ་མཆོག་གིས་རྒྱ་གར་ནང་ནང་ཆོས་ལ་སློབ་གཉེར་བྱེད་ཡུལ་བོད་ཀྱི་དགོན་སྡེ་ཁག་མུ་མཐུད་རྒྱུན་འཛིན་ཐུབ་མིན་ཐད་ཐུགས་ཚབ་གནང་གི་ཡོད་པ་མྱོང་འཚོར་བྱུང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་ཏུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དུ་དགོན་སྡེ་མང་དག་ཅིག་གསར་རྒྱག་ཟིན་ཡོད་པ་མ་ཟད། ད་སྐབས་དགོན་སྡེ་དེ་དག་ནི་རྒྱ་གར་ནས་དར་སྤེལ་བྱུང་བའི་ནང་པའི་གཞུང་ལུགས་ཁག་སློབ་གཉེར་གཏིང་ཟབ་བྱེད་སའི་ལྟེ་གནས་ཤིག་ཏུ་གྱུར་ཡོད། འོན་ཀྱང་། ད་སྐབས་དགོན་ཁག་ནང་དགེ་འདུན་པ་ཉུང་དུ་འགྲོ་བཞིན་ཡོད་པས། མ་འོངས་པར་དེ་དག་མུ་མཐུད་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཐད་༸གོང་ས་ཏཱ་ལའི་བླ་མཆོག་སེམས་འཚབ་ཡོད་པ་མྱོང་ཚོར་བྱུང་། དེར་བརྟེན། ད་རེས་ཀྱི་ལས་གཞི་འདི་ནི་ཧ་ཅང་གི་གལ་འགངས་ཆེན་པོ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།  སྐུ་ཞབས་Ashoka Thakur ལགས་ནི་རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་། (Ministry of Human Resource Development)གི་དྲུང་ཆེ་གནང་མྱོང་ཡོད་འདུག་པ་དང་། ད་ལྟའི་ཆར་ཁོང་གི་དྭང་དུ་བླངས་ནས་ནང་པའི་སློབ་གཉེར་ཁང་གསར་བཙུགས་ལས་གཞིའི་ཐོག་ལ་རོགས་རམ་གནང་མུས་ཡིན་འདུག

WhatsApp Image 2022-07-04 at 3.31.41 PM.jpeg

ལས་གཞི་དེའི་ཆེད་དུ་ཕྱི་ལོ་༢༠༡༨ ནས་བཟུང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་ཡང་ཡང་འཚོགས་ཏེ་ནང་པའི་མཐོ་རིམ་སློབ་གཉེར་ཁང་ཞིག་དབུ་འཛུགས་ཞུ་གཏན་ཁེལ་བ་ཞིག་ཡིན་འདུག་ཅིང་། དེ་སྔོན་ནས་ནང་པའི་སློབ་གཉེར་ཁང་གི་ལས་གཞི་ཐོག་ལ་དྭང་བླངས་ཀྱི་ཐོག་ནས་རོགས་རམ་གནང་མཁན་སློབ་དཔོན་VS Chauhan ལགས་ཀྱིས།  ད་རེས་ཆུ་ཚོད་གཅིག་ཙམ་གྱི་མཇལ་ཁའི་རིང་འདིར། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འདས་པའི་ལོ་བཞི་ལྷག་རིང་འདིར་ང་ཚོའི་སློབ་གཉེར་ཁང་གསར་བཙུགས་ཀྱི་ལས་གཞི་དང་འབྲེལ་བའི་གྲུབ་འབྲས་གང་ཐོབ་པ་དེ་དག་སྙན་སེང་ཞུས་པའི་རྗེས། མགོན་པོ་གང་ཉིད་མཆོག་ནས་ཐུགས་བརྩེ་ཆེན་པོས་འཚམས་འདྲི་མཛད་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་གལ་གནད་དང་ནང་པའི་སློབ་ཁང་གསར་བཙུགས་དང་འབྲེལ་བའི་དགོངས་ཚུལ་དང་བཀའ་སློབ་ལམ་སྟོན་གནང་སོང་བས། ཧ་ཅང་གི་ཕན་ཐོགས་བྱུང་ཞེས་འགྲེལ་བརྗོད་གནང་སོང་།

ཡང་ཕྱི་ཟླ་༧ པའི་ཚེས་༤ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་པ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ཤེས་ཡོན་སློབ་སྟོན་པ་རྣམ་པ་བཅས་བཞུགས་སྒར་རྡ་རམ་ས་ལར་ཆེད་འཛོམས་ཀྱིས། ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་བཀོད་དེ། རྩ་འཛིན་ཡིག་ཆ་དེ་ཉིད་མཇལ་ཁའི་སྐབས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག

གཞན་ཡང་འབྱུང་འབྱུར་ནང་པའི་སློབ་གཉེར་ཁང་དེ་བཞིན་རྒྱ་བསྐྱེད་དུ་སོང་སྟེ་རྒྱ་གར་དབུས་གཞུང་ནས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཞན་ལྟར་ངོས་འཛིན་ཐོབ་པ་ཡིན་ན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་དང་བཙུན་དགོན་ཚང་མར་སྤྱི་མཚུངས་ཀྱི་ལག་འཁྱེར་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎