རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་བསྒྲུབ་དགོས་པ་༢༠༢༡་ཇི་ནི་ཝ་གླེང་སྟེགས་ཐོག་འབོད་སྐུལ་བསྒྲགས་གཏམ་སྤེལ།

2021-11-03
Share
རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་བསྒྲུབ་དགོས་པ་༢༠༢༡་ཇི་ནི་ཝ་གླེང་སྟེགས་ཐོག་འབོད་སྐུལ་བསྒྲགས་གཏམ་སྤེལ། སུད་སིར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བའི་སྐབས། ༡༡།༠༡།༢༡
SPT@facebook

སུད་སིར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བ་འདི་ཚེས་༡ དང ༢་ཉིན་གཉིས་རིང་འཚོགས་རྗེས་མཇུག་བསྡོམས་ཀྱི་བསྒྲགས་གཏམ་དོན་ཚན་བཅོ་ལྔ་ཡོད་པ་ཞིག་སྤེལ་ནས། རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་མང་ཚོགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པར་མ་ཟད། ཧོང་ཀོང་རང་སྐྱོང་གི་གནས་བབས་དང་འབྲེལ་བའི་གྲོས་མཐུན་གྱི་རྩ་འཛིན་ཁག་ལ་གུས་བརྩི་ཞུ་དགོས་པ་སོགས་རྒྱ་ནག་གཞུང་ནས་འཕྲལ་དུ་ལག་བསྟར་དགོས་པའི་འབོད་སྐུལ་དོན་ཚན་དྲུག་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་ལག་བསྟར་དགོས་པའི་འབོད་སྐུལ་དོན་ཚན་དགུ་བཅས་གཏན་འབེབས་ཀྱི་བསྒྲགས་གཏམ་སྤེལ་འདུག
བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་འཆར་གཞི་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་། དཔལ་འབྱོར་སོགས་གཞི་རྩའི་རང་དབང་ཁག་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནས་སྟངས་ལ་སེམས་ཚབས་དང་སྦྲགས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གི་ངལ་རྩོལ་བསྒྱུར་བཀོད་ལས་གཞི་སོགས་བཀག་འགོག་དགོས་པའི་རེ་འདུན་སོགས་བཏོན་གནང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་༦་པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་མི་སྣ་གྲངས་༥༠ལྷག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དཔྱད་ཞིབ་དང་ལྟ་རྟོག་ཆེད་དུ་རང་དབང་ལྡན་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུའི་ཟུང་སྦྲེལ་བསྒྲགས་གཏམ་སྤེལ་བ་དེར་བསྔགས་བརྗོད་དང་འབྲེལ་མཇུག་སྐྱོང་གང་མྱུར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་ལ་བོད་གཙོ་བོར་གྱུར་བའི་རྒྱ་ནག་སྲིད་དབང་གཅིག་བསྡུས་གཞུང་གི་དྲག་གནོན་འོག་གནས་པའི་མི་རིགས་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྤྲོད་དགོས་ལུགས་ཀྱང་བཀོད་འདུག
གོང་ཞུས་ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་དཀའ་རྙོག་མ་སེལ་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔར་རྒྱུན་བཞིན་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་ཡོད་པ་དང་། རྒྱ་ནག་གཞུང་གི་དྲག་གནོན་འོག་ཡོད་པའི་མི་རིགས་ཚོའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་རྒྱུ་ཡིན་པའི་ཐོག དཀའ་རྙོག་མ་སེལ་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་ཁེ་ཕན་སུ་ལ་ཡོད་མེད་དང་དངོས་ཡོད་གནས་སྟངས་སོགས་ཉམས་ཞིབ་མུ་མཐུད་ནས་བྱེད་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་བ་ལས་ཐོག་མར་བོད་མིའི་མངོན་འདོད་བསྒྲུབ་དགོས་པ་དང་། མང་ཚོགས་ཀྱི་བདེ་རྩ་དང་མངོན་འདོད་ལ་བསམ་ཤེས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། བོད་ནང་ཕྱི་དངོས་པོའི་ཐོག་ནས་ཡར་རྒྱས་བཏང་ཡོད་ཟེར་བ་ཙམ་གྱི་འགྲིག་ཐབས་ཡོད་མ་རེད་ལ་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ཀྱང་མ་རེད། གལ་ཆེ་ཤོས་ནི་བོད་ནང་གི་བོད་མི་ཚོའི་སྐད་དང་ཡིག་གེ། རིག་གཞུང་སོགས་ལ་སྲུང་བརྩི་ཞུ་རྒྱུའི་ཐོབ་ཐང་སྤྲོད་དགོས་ཀྱི་རེད་ཅེས་གསུངས་འདུག
༢༠༢༡ ཇི་ནི་ཝའི་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་བོད་གནས་མཁས་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་ཁག་ཅིག དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བོད་དོན་མཁས་པ་སོགས་མང་དག་ཞིག་མཉམ་ཞུགས་ཀྱིས་གཏམ་བཤད་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།