རྒྱ་ནག་གཞུང་གིས་བོད་མི་ཚོར་མ་ཉེས་ཁ་གཡོགས་བྱེད་བཞིན་པའི་གནས་སྟངས་ཐད་བོད་མིའི་སྒྲིག་འཛུགས་ལ་བློ་འཚབ་ཡོད་ཟེར།

2021-12-15
Share
རྒྱ་ནག་གཞུང་གིས་བོད་མི་ཚོར་མ་ཉེས་ཁ་གཡོགས་བྱེད་བཞིན་པའི་གནས་སྟངས་ཐད་བོད་མིའི་སྒྲིག་འཛུགས་ལ་བློ་འཚབ་ཡོད་ཟེར། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ནས་ཐོག་མར་བསྒྲགས་རྗེས། བོད་ཕྱི་ནང་གཉིས་ནས་སྒོ་ཤེར་ལགས་སུ་ཁྲིམས་ཐག་བཅད་པའི་ཐད་གླེང་སློང་དང་ཕངས་སེམས་ཡོད་པའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབས་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་ལ་སོགས་པར་འབྲེལ་བ་ཡོད་པའི་བོད་ནང་གི་གནད་ཡོད་མི་སྣ་དང་ཤེས་ཡོན་པ། དེ་བཞིན་རྩོམ་པ་པོ་སོགས་གང་བྱུང་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གཏོང་བཞིན་པར་བློ་འཚབ་ཤུགས་ཆེན་ཡོད་པ་གསུངས་བྱུང་། སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ད་བར་ཐེངས་བཞི་ལ་འཛིན་བཟུང་བཀག་ཉར་དང་འདྲི་རྩད་སོགས་བྱས་ཡོད་པ་རེད་ལ། ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་གང་བྱུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་ཐད་ཞུ་གཏུག་འདྲི་རྩད་བྱས་བར་རྒྱ་ནག་གཞུང་གིས་ཁོང་ལ་ཁྲིམས་ཀྱི་འགྲོ་རིམས་བཞིན་ཁྲིམས་བཤེར་བྱེད་བཞིན་ཡོད་པའི་ལན་འདེབས་བྱས་ཡོད་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་རྒྱ་ཡིག་ཐོག་ནས་བོད་ནང་ཉམས་ཞིབ་མཁན་སི་པན་དུ་གནས་སྡོད་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་འདས་པའི་ལོ་གཅིག་གཉིས་ནང་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུ་རྒྱ་ནག་རང་གི་ཁྲིམས་དང་གང་ཡང་འགལ་མེད་མཁན། བོད་ཀྱི་ཆོས་དང་རིག་གཞུང་ཐད་བྱས་རྗེས་ཅན་ཚོར། མངོན་ལྐོག་གཉིས་ནས་ཕལ་རྒོལ་བྱེད་བཞིན་ཡོད་པ་དེ་བློ་འཚབ་སྐྱེས་གཞི་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།
ད་ལྟ་དགུང་ལོ་༤༥་ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཏེ། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེར་ཤུགས་རྐྱེན་ཆེ་བའི་རྩོམ་པ་པོ་ཞིག་དང་། ལྷག་པར་ནང་བསྟན་ཤེས་ཡོན་སློབ་གསོའི་སྐོར་ནས་ཁོང་གིས་སྔ་བཞུགས་ཏུ་འཆད་ཁྲིད་དང་གཏམ་བཤད་མང་པོ་བྱས་ཡོད་པ་རེད་ལ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་རྩོམ་རིག་སློབ་དཔོན་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཨ་འབྲུག་དཀོན་མཆོག་ལགས་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་བོད་ཀྱི་ཤེས་ཡོན་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོའི་ཁྲོད་ཤུགས་རྐྱེན་ཆེན་པོ་བསླེབས་དོན་གཙོ་བོ། ཁོང་གི་བརྩམས་ཆོས་ཀྱི་བརྗོད་བྱའི་ཐད་ནས་གནའ་རབས་ཀྱི་ཆོས་ལུགས་དང་ལྟ་གྲུབ། གཞུང་ལུགས་སོགས་ཀྱི་ཤེས་བྱ་དང་། དེང་དུས་ཀྱི་ཚན་ཉིད་རིག་པ་དང་ནུབ་ཕྱོགས་ཀྱི་བསམ་བློ་དང་རིན་ཐང་ལྟ་ཚུལ་སོགས། ཤེས་རིག་གི་བརྗོད་བྱ་མང་པོ་ཞིག་བསྡུས་ཏེ་བཤད་པས་ཁྱད་ཆོས་དམིགས་བསལ་བ་ཞིག་ཆགས་ཡོད་པས་ཡིན་སྐོར་བརྗོད་བྱུང་།
སྒོ་ཤེས་རབ་རྒྱ་མཚོ་ལགས་བོད་ནང་གི་ཤེས་ཡོན་སྡེ་རུ་གུས་བརྩི་དང་ཆེ་མཐོང་ཆེན་པོ་བྱེད་སའི་མི་སྣ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་ནང་གི་དགོན་སྡེ་ཁག་ཏུ་ཁོང་གིས་རྒྱུན་པར་ནང་བསྟན་ཤེས་ཡོན་སློབ་གསོའི་སློབ་ནས་འཆད་ཁྲིད་སོགས་གནང་གི་ཡོད་སྟབས། ཐེངས་འདིར་ཁོང་ལ་ལོ་བཅུའི་བཙོན་མཇུག་ཁྲིམས་ཐག་བཅད་པར་བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེར་གནང་སོང་བ་དང་། བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ནས་གཟི་བརྗིད་འདི་ཁྱོད་ཉིད་ཁོ་ནར་དབང་། རང་དབང་གི་དོན་དུ་རང་དབང་ཤོར་བའི་སྐྱེས་ཆེན་ཞེས་རྩོམ་ཡིག་ཅིག་ཀྱང་སྤེལ་བའི་ནང་། མི་རིགས་དང་རྒྱལ་ཁབ་ལ་བློ་དཀར་བའི་མི་དག་གཅིག་རྗེས་གཉིས་མཐུད་དུ་ཁྲི་མུན་དུ་བཅུག་པ་ནི་ཡིད་སྐྱོ་ཞིང་སྲིད་གཞུང་གང་དེའི་ངོ་ཚ་ཞིག་ཡིན་སྐོར་སོགས་བརྗོད་ཡོད་པ་དང་། གཞན་ཡང་བོད་མི་གཅིག་ནས་དོན་ངོ་མར་ང་ཚོས་དེ་བ་ཚང་ལ་ཅི་ཞིག་གི་བུ་ལོན་ཆད་སོང་བ་ཡིན་ནམ། ནང་མི་དང་ཁྱིམ་ཚང་ཁ་གཏོར་བ་དང་། མ་ཡི་མདུན་ནས་བུ་བསད་པ། དགོན་སྡེ་དང་མི་མང་བར་དཀྲུག་ཤིང་བཟོས། གློ་བུར་གློ་བུར་མི་མང་གི་མིག་འབྲས་ལྟ་བུའི་མི་སྣ་དག་ནག་མེད་བཟོ་སོགས་ག་རེ་བྱས་སོང་བ་རེད་ཅེས་དང་། ཡང་བོད་མི་གཞན་ཞིག་ནས་ད་ལོ་ང་ཚོའི་མིག་མདུན་ཏག་ཏག་ནས་སྐྱེས་ཆེན་ཚོ་རེ་རེ་བཞིན་མེད་པར་བཏང་སོང་སོགས་བརྗོད་ཡོད་པ་རེད།
དེ་སྔ་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡༠་བའི་ཚེས་༢༦་ཉིན་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ཉེ་ལམ་བར་ཁོང་གི་གནས་སྟངས་གསལ་ཆ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་རྗེས་སུ་གསང་བའི་སྒོ་ནས་མི་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། ཕྱི་ལོ་༡༩༧༦་ཟླ་༩་ཚེས་༩་ཉིན་རྔ་བ་ཁ་ཤི་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༡༩༩༠་ཡས་མས་སུ་རྒྱ་གར་ནང་ཡོང་སྟེ་ཕྱིས་སུ་ཕྱིར་བོད་ནང་ལོག་སྟེ་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༡༩༩༨་ལོར་རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕར་ཕྱིན་དམ་བཅའ་འཇོག་སྐབས་བཤམས་ཡོད་ལུགས་ཀྱིས་འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས་མྱོང་བ་དང་། དེའི་རྗེས་ཕྱི་ལོ་༢༠༠༨་ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་རེད།
ཁོང་གི་ཕ་ཁཱ་ཤུལ་སྒོ་སྔུན་བརྩོན་འགྲུས་ལགས་ནི་དེ་སྔ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དང་། མདོ་སྨད་ཕྱོགས་ཀྱི་ཧུང་ཁྲན་རྩ་འཛུགས་ཚོགས་པ་ཞེས་པའི་ཁྲོད་སྣེ་ཁྲིད་མཁན་གྲས་གཙོ་བོ་ཞིག་ཡིན་པ་དང་། རྗེས་སུ་ཁོང་ལོ་མང་རིང་ཡར་མར་བྲོས་བྱོལ་དུ་ཕྱིན་ནས་སྡོད་དགོས་བྱུང་ཡོད་ན་ཡང་། ཕྱི་ལོ་༡༩༩༠་ཡས་མས་ཤིག་ནས་ལྷ་ས་དང་བལ་ཡུལ་སོགས་སུ་ཚོང་ལས་གཉེར་ནས་བལ་ཡུལ་དུ་གནས་སྡོད་བྱས་མྱོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།