༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སྐབས་དང་པོའི་འབུམ་རམས་བསླབ་པ་མཐར་སོན་རྣམས་ལ་མཇལ་ཁ་སྩལ་བ།

2023.12.04
༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སྐབས་དང་པོའི་འབུམ་རམས་བསླབ་པ་མཐར་སོན་རྣམས་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་བསླབ་པ་མཐར་སོན་རྣམས་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༡༢།༠༤ ཉིན།
OHHDL

ཉེ་ལམ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་ཆགས་པ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། སྐབས་དང་པོའི་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོག་ནས་འབུམ་རམས་པ་སློབ་གཉེར་བ་བདུན་སློབ་ཐོན་མཛད་སྒོ་གནང་ཡོད་པ་བཞིན། འབུམ་རམས་སློབ་ཐོན་པ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས། དགེ་བཤེས་བློ་བཟང་དངོས་གྲུབ་ལགས། སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་། སློབ་དཔོན་གཙང་ཕྲུག་སྟོབས་ལགས། ལོ་རྒྱུས་ཉམས་ཞིབ་པ་སྨན་ཤེར་བློ་གྲོགས་ལགས་དང་ཨ་འབྲུག་དཀོན་མཆོག་ལགས་བཅས་ལ། བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༡༢པའི་ཚེས་༤ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་མཇལ་ཁ་སྩལ་གནང་མཛད་ཡོད་པས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ནས། སྤྱི་ལོ་༡༩༦༠ལོ་ནས་བོད་ཁྱིམ་སྔོན་འགྲོ་ནས་མགོ་བཙུགས་ཏེ་ཐ་མ་གཙུག་ལག་སློབ་གཉེར་ཁང་གི་ལག་ཁྱེར་ཚད་མཐོ་ཤོས་དེ། འབུམ་རམས་པའི་ལག་ཁྱེར་ཕུལ་ཐུབ་པའི་ཉིན་མོ་འདི་དང་འབྲེལ། ༧རྒྱལ་བ་རིན་པོ་ཆེར་དམིགས་བསལ་གྱི་མཇལ་ཁ་ཞུ་ཐུབ་པར་བསྐལ་བ་བཟང་པོ་དང་༧རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

འབུམ་རམས་སློབ་ཐོན་པ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ནས། ཁོང་གིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་བྱ་ཚིག་གྲུབ་ཚུལ་ལ་དཔྱད་པའི་བརྗོད་གཞི་དང་འབྲེལ་ཏེ་དཔྱད་རྩོམ་བྲིས་ཡོད་པས། ༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པར་ཐུགས་མཉེས་པོ་གནང་བ་དང་། དཔྱད་རྩོམ་དེས་མ་འོངས་པར་གཞོན་སྐྱེས་ཚོར་ཕན་ཐོགས་འབྱུང་རེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་འབུམ་རམས་སློབ་ཐོན་པ་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས།བོད་ནང་ང་ཚོ་དང་ཤེས་ཚད་མཉམ་པ་མང་པོར་འདི་འདྲའི་གོ་སྐབས་ཧ་ལམ་རག་མི་ཤེས་པ་ཆགས་ཡོད་པ་དང་། སོ་སོ་ལ་གོ་སྐབས་རག་ནས་སློབ་ཐོན་དང་འབྲེལ། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་ཐུགས་དགྱེས་བརྩེ་གནང་བ་བཅས་ལ་ཧ་ཅང་དགའ་བོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་འབུམ་རམས་སློབ་ཐོན་པ་ཨ་འབྲུག་དཀོན་མཆོག་ལགས་ནས། སློབ་མ་གསོ་སྐྱོང་བྱ་དགོས་ན་དགེ་རྒན་ཡར་རྒྱས་སུ་གཏོང་དགོས་པ་དང་། དེ་ལ་གནས་རིམ་མང་པོའི་ཆ་རྐྱེན་དང་ཞིབ་འཇུག་གི་རྒྱབ་ལྗོངས། ལག་བསྟར་གྱི་ཉམས་མྱོང་བཅས་དགོས་པ་ཚང་མ་དེང་རབས་ཀྱི་མཐོ་རིམ་སློབ་གྲྭར་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

དེ་ལྟར་ད་དུང་ཁོང་ཚོའི་འབུམ་རམས་སློབ་ཐོན་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས། བོད་ཀྱི་དཔེ་མཛོད་ཚན་རིག་ལ་ཞིབ་འཇུག་ཆེད་རྩོམ་དང་། དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་གསང་སྔགས་ལས་བྱུང་བའི་གཉུག་མའི་རླུང་སེམས་ཕྲ་མོའི་སྐོར། སྨན་ཤེར་བློ་གྲོས་ལགས་ནས་བོད་བཙན་པོའི་རྒྱལ་རབས་དང་རྒྱ་ནག་ཐང་གི་འབྲེལ་ལམ་སྐོར་དང་། ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་ར་སྟག་དོན་རྐྱེན་སྐོར་སོགས་ལ་ཆེད་རྩོམ་བྲིས་ཏེ་ལོ་བཞི་ལ་ཞིབ་འཇུག་སློབ་གཉེར་བ་གནང་བ་བརྒྱུད་འབུམ་རམས་པའི་དམ་བཅའ་བཞག་གནང་ཡོད་པ་རེད།

 གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎