༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ ༢༨ ལ་མཇལ་ཁ་སྩལ་བ།
ཟླ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགོན་པའི་དཔེ་ཁྲིད་དགེ་རྒན་ ༢༨ ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། འདི་ག་གསར་འགོད་པས་དཔེ་ཁྲིད་རྒན་དགེ་བཤེས་བསྟན་འཛིན་དཔལ་འབྱོར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་མཇལ་ཁ་ཧ་ཅང་ལེགས་པོ་བྱུང་ཞིང་། ༸མགོན་པོ་མཆོག་གི་༸སྐུའི་ཞལ་མདངས་ལེགས་ཤིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། དམིགས་བསལ་བཀའ་སློབ་ཕེབས་མེད་ཀྱང་། ༸སྐུ་ཉིད་ནས་ང་ཡང་འབྲས་སྤུངས་བའི་དགེ་བཤེས་ཤིག་ཡིན་ཞེས་བཀའ་སྩལ་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དགེ་བཤེས་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་མུ་མཐུད། མཇལ་ཁའི་སྐབས་འབྲས་སྤུས་གྲྭ་ཚང་ངོས་ནས་༸གོང་ས་མཆོག་ལ་ད་ལྟའི་ཆར་དགོན་པའི་ནང་སློབ་གཉེར་བའི་གྲངས་དང་། སློབ་གྲྭའི་གནས་བབ། དེ་བཞིན་༸གོང་ས་མཆོག་ནས་དགོན་སྡེ་ཁག་གི་ནང་གཞུང་ཆེན་སློབ་གཉེར་དང་དེང་དུས་ཀྱི་ཚན་རིག་སློབ་གཉེར་སྲོལ་གཏོད་མཛད་ཡོད་པ་དེ་ལས་སློབ་མཐར་སོན་པ་མང་པོ་བྱུང་ཡོད་སྐོར་སོགས། ༸མགོན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གནས་བབ་གང་ལེགས་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་གསུངས་ཀྱི་འདུག
འདི་ག་གསར་འགོད་པས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་མཁན་དགེ་བཤེས་ཁག་ཅིག་ལ་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། དགེ་བཤེས་དམ་ཆོས་རྒྱལ་མཚན་ལགས་ཀྱིས། ཐེངས་འདིར་མཇལ་ཁ་གྲུབ་མཚམས་རང་ཉིད་ལ་དམིགས་བསལ་འགན་ཆེན་པོ་ཞིག་ཡོད་པའི་ཚོར་བ་བྱུང་ཞིང་༸རྒྱལ་དབང་སྐུ་ཕྲེང་དེ་བཞིན་བྱོན་ཐུབ་རྒྱུའི་སྨོན་ལམ་དང་རེ་བ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག ཡང་དགེ་བཤེས་ཆོས་ཀྱི་རྒྱལ་མཚན་ལགས་དང་དགེ་བཤེས་བསྟན་འཛིན་བསམ་འཕེལ་ལགས་ནས་ཀྱང་། ༸མགོན་པོ་མཆོག་གི་མཇལ་ཁ་ཐོབ་པར་སྐལ་པ་བཟང་པོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱིས། ༸མགོན་པོ་མཆོག་གི་མཛད་འཕྲིན་རྒྱས་ཤིང་༸གོང་ས་མཆོག་གང་མྱུར་བོད་ལ་ཆིབས་བསྒྱུར་ཐུབ་རྒྱུའི་སྨོན་འདུན་ཡོད་པ་གསུངས་ཀྱི་འདུག
རྩ་བའི་ཉེ་ལམ་༸གོང་ས་མཆོག་༸སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གནད་ཡོད་མི་སྣ་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་དད་ལྡན་མང་ཚོགས་ལ་མཇལ་ཁ་སྩལ་གནང་གི་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།