༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲ་ཤིས་ལྷུན་པོར་བཞུགས་ཞག་མཛད་ཡུན་རིང་ཞབས་ཞུ་སྒྲུབ་མཁན་སྐུ་སྲུང་བ་ ༦༠ ལ་མཇལ་ཁ་སྩལ་འདུག

2025.02.15
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲ་ཤིས་ལྷུན་པོར་བཞུགས་ཞག་མཛད་ཡུན་རིང་ཞབས་ཞུ་སྒྲུབ་མཁན་སྐུ་སྲུང་བ་ ༦༠ ལ་མཇལ་ཁ་སྩལ་འདུག
OHHDL/ Pema Ngodup

༢༠༢༥ ཕྱི་ཟླ་ ༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་མཆོག་ཟླ་གཅིག་དང་ཕྱེད་ཀ་ཙམ་རིང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲ་ཤིས་ལྷུན་པར་་བཞུགས་ཞག་མཛད་ཡུན་རིང་། ༸སྐུའི་སྲུང་བྱའི་ཐད་ཐུགས་འགན་བཞེས་མཁན་བོད་མི་དང་སློབ་དམག་མིའི་རུ་ཁག་གི་མི་གྲངས་ ༣༠ ཙམ་ཞིག་དང་། སྦེ་ལ་ཀོ་པིར་གནས་སྡོད་དང་སློབ་དམག་ཟུར་ཚོགས་པའི་ཚོགས་མི་ ༣༠ བཅས་ཁྱོན་མི་གྲངས་ ༦༠ ལ་མཇལ་ཁ་སྩལ་གནང་མཛད་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་དགུང་ལོ་༧༣ལ་ཕེབས་པའི་སྐུ་སྲུང་ཞབས་ཞུ་བ་ཚེ་རིང་ནོར་བུ་ལགས་ཀྱིས། ཐེངས་འདིར་ཁོང་ལ་མགོན་པོ་མཆོག་གི་༸སྐུ་སྲུང་ཞབས་ཞུ་སྒྲུབ་རྒྱུ་དང་དེ་རིང་མཇལ་ཁ་ཐོབ་པ་ནི་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་འཆི་མེད་གྲགས་པ་ལགས་དང་སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཁུངས་ཀྱི་བསྟན་འཛིན་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་འཛེམས་མེད་ཀྱིས་མི་མང་གི་མངོན་འདོད་ལྟར་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་ཆོས་འགྲེལ་བཀྲིན་ཆེ་གནང་མཛད་པར་བོད་མི་རྣམས་བསོད་ནམས་དང་སྐལ་པ་བཟང་པོ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ལྷོད་བཞུགས་མཛད་ཆེད། ཟླ་ ༡ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲིས་ལྷུན་པོར་༸ཞབས་སོར་འཁོད་གནང་མཛད་དེ། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་གི་བོད་མི་བགྲེས་སོང་དང་ནད་གཅོང་རྣམས་ཀྱི་གཙོས་པའི་རྒྱལ་ཁབ་དང་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་དང་ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་རིགས་སོགས་ལ་ཉིན་གྲངས་ ༡༤ རིང་མཇལ་ཁ་སྩལ་གནང་མཛད་པའི་ཐོ་གཞུང་ལྟར་ན། མགོན་པོ་མཆོག་ནས་དད་ལྡན་པ་ ༦༤༡༧ ཙམ་ལ་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། ཉིན་གྲངས་ ༦ རིང་གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་ཆོས་སྡེ་བཀྲིས་ལྷུན་པོ། དེ་བཞིན་ར་སྟོད་དང་རྫོང་ཆོས་གྲྭ་ཚང་སོགས་གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་ཞལ་གྲངས་ ༣༠༠ ཙམ་ཞིག་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་སྩལ་གནང་མཛད་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིམ་བཞིན་སེ་ར་བླ་སྤྱི་དང་བྱེས་སྨད་གསུམ་ཐུན་མོང་དང་། ཆོས་སྡེ་ཆེན་པོ་གདན་ས་བཀྲིས་ལྷུན་པོ་ནས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཐོག་དབུ་བཞུགས་མཛད་ཅིང་། འདི་ཚེས་ ༡༣ ཉིན་གདན་ས་བཀྲིས་ལྷུན་པོ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་གང་ཉིད་ནས་ཕྱི་ནང་དད་ལྡན་པ་ཆིག་ཁྲི་ཙམ་ཞིག་ལ་སྒྲོལ་དཀར་གྱི་ཚེ་དབང་མཛད་པ་སོགས། མགོན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་བཞུགས་ཞགས་ཀྱི་མཛད་ཡུན་རིང་། ཕྱི་ནང་དད་ལྡན་པ་སྤྱི་དང་ལྷག་པར་སྦེ་ལ་ཀོ་པི་བོད་མི་སྐྱ་སེར་དང་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པའི་སྡེ་ཚན་ཡོངས་ལ་བྱིན་གྱིས་རླབས་པ་དེ་ནི་བསོད་ནམས་གོ་སྐལ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས། ཆོས་སྡེ་བཀྲིས་ལྷུན་པོའི་དགོན་པའི་དགེ་འདུན་པ་ཀུན་དགའ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྦེ་ལ་ཀོ་པིའི་བོད་མིའི་གཞིས་ཆགས་སུ་མཛད་འཆར་ཁག་ལེགས་གྲུབ་ཀྱིས། འདི་ཚེས་ ༡༦ ཉིན་གྱི་སྔ་དྲོར་ཧོན་སུར་རབ་རྒྱས་གླིང་གི་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་མཛད་དེ། འདི་ཚེས་ ༡༧ ཉིན་མགོན་པོ་མཆོག་རྒྱུད་སྨད་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎