སཱ་ལུ་སྒར་དུས་འཁོར་ཕོ་བྲང་གི་མདུན་དུ་འཛམ་གླིང་ཞི་བདེ་མཚོན་ཆེད་དུས་འཁོར་མཆོད་རྟེན་ལྷ་ཁང་གསར་བཞེངས་གནང་ཡོད་པ།

2024.12.03
སཱ་ལུ་སྒར་དུས་འཁོར་ཕོ་བྲང་གི་མདུན་དུ་འཛམ་གླིང་ཞི་བདེ་མཚོན་ཆེད་དུས་འཁོར་མཆོད་རྟེན་ལྷ་ཁང་གསར་བཞེངས་གནང་ཡོད་པ། དུས་འཁོར་མཆོད་རྟེན་གསར་པ། ༢༠༢༤།༡༢།༠༡ ཉིན།
RFA/ Passang Tsering

ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ལྡི་ལི་དང་ས་ལུ་སྒར་གཉིས་ཐུན་མོང་གིས་གོ་སྒྲིག་ཐོག ནུབ་སྦེང་གྷལ་མངའ་སྡེའི་གྲོང་ཁྱེར་སཱ་ལུ་སྒར་ནང་རྟེན་གཞི་བྱས་པའི་ས་ལུ་སྒར་དུས་འཁོར་ཕོ་བྲང་གི་མདུན་དུ་དུས་འཁོར་མཆོད་རྟེན་ལྷ་ཁང་གསར་བཞེངས་ལེགས་གྲུབ་ཀྱིས། འདི་ཚེས་ ༡ ཉིན་སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་མཆོག་དང་འབོ་དཀར་དགོན་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་རྣམ་གཉིས་ནས་གཟུངས་འབུལ་རབ་གནས་མཛད་གནང་ཡོད་པ་རེད།

དུས་འཁོར་མཆོད་རྟེན་ལྷ་ཁང་དེ་བཞིན་སཱ་ལུ་སྒར་ཁུལ་དུ་བཞེངས་དགོས་དོན་གཙོ་བོ་ནི་ཐོག་མའི་འཆར་གཞི་ལྟར་བྱེད་ན། མཆོད་རྟེན་དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་སྩལ་ཡུལ་རྒྱ་གར་ཨཱན་དྷ་ར་པར་སྡེ་ཤི་མངའ་སྡེའི་ནང་གི་གནས་ཆེན་ཨམ་རྭ་ཝ་ཏཱིར་བཞེངས་རྒྱུའི་ཐག་གཅོད་བྱུང་ཡོད་ན་ཡང་། ཕྱིས་སུ་མངའ་སྡེའི་གཞུང་འཛིན་འགྱུར་བ་བྱུང་བ་དང་གནད་དོན་མང་དག་ཅིག་རྐྱེན་པས་གནས་ཆེན་ཨམ་རྭ་ཝ་ཏཱིར་བཞེངས་ཐུབ་མེད་པ་དང་། མཐར་དུས་འཁོར་ལ་མཁས་དབང་དང་། ཕྱག་ལེན་ཚད་ལྡན་ཡོད་པའི་བླ་སྤྲུལ། དད་ལྡན་སྦྱིན་བདག་བཅས་ནས་གནས་ཆེན་སཱ་ལུ་སྒར་དུས་འཁོར་ཕོ་བྲང་གི་མདུན་དུ་མཆོད་རྟེན་འདི་བཞེངས་ན་ཕན་ཐོགས་ཆེ་སྐོར་དགོངས་འཆར་བཀའ་སློབ་ཕེབས་པ་བཞིན། མཆོད་རྟེན་དེ་བཞེངས་པ་ཞིག་ཡིན་སྐོར་ལས་གཞི་དེའི་འགན་རྐང་བཞེས་མཁན་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

MVI_0019.MP4.13_41_39_04.Still001.jpg
ས་ལུ་སྒར་དུས་འཁཽར་ཕོ་བྲང་། ༢༠༢༤།༡༢།༠༡ ཉིན།

ཡང་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས། ད་ལྟའི་དུས་སྐབས་འདིར་འདི་ལྟ་བུའི་མཆོད་རྟེན་བཞེངས་ཐུབ་པ་དེས་འཛམ་གླིང་ཁྱོན་ཡོངས་སུ་ཧ་ཅང་ཕན་རླབས་ཆེན་པོ་བསྐྲུན་ཐུབ་པ་ཙམ་དུ་མ་ཟད། བོད་དང་ས་ཐག་ཉེ་བའི་ས་ཁུལ་སཱ་ལུ་སྒ་རའི་ནང་བཞེངས་ཐུབ་པ་ནི་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་གནང་མཁན་ཚོའི་ཆེད་དུ་གལ་འགངས་ཆེན་པོ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། འབོ་དཀར་དགོན་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་གིས། དུས་འཁོར་མཆོད་རྟེན་གསར་བཞེངས་ལེགས་སྒྲུབ་དང་གཟུངས་འབུལ་རབ་གནས་གནང་གྲུབ་མཚམས། ས་གནས་མང་ཚོགས་ལ་དུས་འཁོར་མཆོད་རྟེན་བཞེངས་པའི་ཕན་ཡོན་དང་དུས་འཁོར་ལ་ཉམས་ལེན་གནང་ཚུལ། དུས་འཁོར་མཆོད་རྟེན་ལ་དུས་ནས་དུས་སུ་ཕྱག་དང་སྐོར་བ་གནང་གལ་ཆེ་བའི་སྐོར་གསུངས་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིར་དེ་ལྟ་བུའི་མཆོད་རྟེན་བཞེངས་པར་བརྟེན་ནས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་འཛམ་གླིང་འདིར་དམག་འཁྲུག་མུ་གེ་ལ་སོགས་པ་ཞི་བའི་སྨོན་འདུན་ཞུས་གནང་སོང་།

མ་ཟད་ལོ་ངོ་ཉི་ཤུ་ལྷག་མཆོད་རྟེན་བཞེངས་མྱོང་མཁན་དང་ད་རེས་ཀྱི་དུས་འཁོར་མཆོད་རྟེན་བཞེངས་གནང་མཁན་ཚེ་རིང་ལགས་ཀྱིས། ཁོང་གི་མི་ཚེའི་ནང་མཆོད་རྟེན་མང་པོ་བཞེངས་མྱོང་ཡོད་ན་ཡང་འདི་ལྟ་བུའི་མཆོད་རྟེན་བཞེངས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྩ་བའི་གསར་དུ་བཞེངས་པའི་དུས་འཁོར་མཆོད་རྟེན་དེའི་ནང་གི་གཟུངས་དང་བྱིན་རྡན་དང་རྫས་མང་པོ་ཞིག་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་གསོལ་སྩལ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༥ དེ་བཞིན་ལོ་ནག་ཡིན་སྟབས་མཆོད་རྟེན་གྱི་གཟུངས་འབུལ་རབ་གནས་དེ་བཞིན་སྔ་སྣུར་གནང་ཡོད་པ་དང་། ཕྱི་ནང་བར་གསུམ་ཡོངས་སུ་རྫོགས་པའི་རབ་གནས་དབུ་འབྱེད་དེ་བཞིན་ལོ་རྗེས་མའི་ཟླ་བཅུ་གཉིས་པའི་ནང་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎