འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་བསྐོང་ཚོགས་གནང་བཞིན་ཡོད་པ་རེད།

2022.06.17
Share on WhatsApp
Share on WhatsApp
འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་བསྐོང་ཚོགས་གནང་བཞིན་ཡོད་པ་རེད། འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པའི་དབུ་འབྱེད་སྐབས། ༢༠༢༢།༦།༡༧།
པདྨ་དངོས་གྲུབ།

བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་བྱང་གྲྭ་ཚང་གཉིས་ཐོུང་གིས་གོ་སྒྲིག་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཞི་དང་། ལྷག་པར་དུ་རྒྱ་དཔལ་ན་ལེནྜའི་མཁས་པ་རྣམས་ཀྱི་བཞག་གནང་མཛད་པའི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་རིག་གཞུང་ཧ་ལས་པའི་ཕྱུག་པོ་དང་དེང་གི་འཛམ་གླིང་འདིར་ཕན་ཐོགས་ཧ་ཅང་ཆེ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་སླར་གནང་སྟེ། འཛམ་གླིང་འདི་བྱམས་བརྩེ་ལྡན་པའི་ཞིག་འབྱུང་ཐབས་ཀྱི་དགོངས་པ་གཞི་ལ་བཞག་ནས། ཕྱི་ཟླ་ ༦ ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་བོད་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་ནང་པའི་དགེ་སློང་དང་མཁས་པ།  དེ་བཞིན་རྒྱ་གར་ནང་གི་གཙུག་ལག་སློབ་ཁང་ཁག་ཅིག་གི་སློབ་དཔོན་སོགས་མཉམ་འདུས་ཐོག་སེམས་ཁམས་རིག་པ་དང་སྒོམ་སྒྲུབ་ཉམས་ལེན་གྱི་བརྗོད་གཞིའི་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། རྒྱུན་རིང་གཞི་ཡུལ་འདྲ་མིན་གྱི་དེང་དུས་ཚན་རིག་པ་དང་བགྲོ་གླེང་ལྷུག་པོ་མཛད་པའི་འབྲས་བུར། ནང་པའི་གཞུང་ལུགས་ནས་བྱུང་བའི་སེམས་ཁམས་དང་། ལྟ་གྲུབ། གཏན་ཚིགས་རིག་པ་སོགས་ཀྱིས་འཛམ་གླིང་སྤྱིའི་ཤེས་ཡོན་ལ་ཕན་ཐོགས་རླབས་ཆེན་ཡོང་བའི་ཐུགས་ངེས་ཤེས་འཁྲུངས་པ་བཀའ་གནང་པ་དང་། བོད་ཀྱི་ཆོས་བརྒྱུད་ནི་དཔལ་ནཱལནྜའི་བརྒྱུད་པ་ཚང་ལ་མ་ནོར་བ་དེ་ཡིན་པས་ཡང་དག་པའི་རིགས་ལམ་ཉིད་ནས་ངེས་པ་འདྲོང་རྒྱུ་ཡོད་པ་ཞིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་སྤྲོ་བ་དང་ཕྱི་རབས་རྣམས་ལངའ་རང་གི་རིག་གཞུང་བརྒྱུད་འཛིན་བྱེད་ཕྱོགས་ཐད་ལམ་སྟོན་གྱི་མིག་དཔེ་ལྟ་བུར་གྱུར་བའི་ཡིད་ཆེས་ཡོད་ཅེས་བཀའ་གནང་འདུག
དེ་ལྟར་ན་བོད་ལ་ལོ་ངོ་སྟོང་ཕྲག་སྔོན་ནས་ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་མི་རབས་རྗེས་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་སྟབས། ཀུན་གྱིས་སྤོབས་པ་དང་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་མ་ཁྱབ་པའི་སར་ཁྱབ་པ་དང་།  ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་སུ་རྒྱ་ཆེར་གསལ་བར་བྱེད་པའི་སྐུལ་ལྕག་མཛད་ཅིང་། ཐེངས་འདིའི་འཕགས་བོད་མཁས་པའི་བགྲོ་གླེང་འཚོགས་འདུ་གོ་སྒྲོ་སྒྲིག་གནང་པར་བསྔགས་བརྗོད་མཛད་ཡོད་པ་རེད།
འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པའི་དབུ་འབྱེད་གནང་པ་དང་མཛད་སྒོའི་ཐོག་དགའ་ལྡན་བྱང་རྩེ་གྲ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག་གིས་ནང་པ་སངས་རྒྱས་པའི་གཞུང་གི་ཐོག་ནས་མིའི་སྤྱི་ཚོགས་ཞི་བདེ་བསྐྲུན་རྒྱུར་ཆ་རྐྱེན་ཡོད་པར་བགྲོ་གླེང་འདི་བཞིན་གོ་སྒྲིག་གནང་བ་ཞིག་ཡིན་པ་གསུངས་གནང་ཡོད་པ་རེད། དེ་མཚུངས་དགའ་ལྡན་ཤར་རྩེ་གྲ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ནས་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བགྲོ་གླེང་འདི་ལྟ་བུ་རྒྱུད་ནས་རྒྱ་གར་མི་མང་ལ་ངོ་སྤྲོད་བྱ་རྒྱུར་དམིགས་ཡུལ་བཟུང་ཡོད་པ་གསུངས་ཡོད་པ་རེད།
ཉིན་ལྔའི་རིང་གི་བགྲོ་གླེང་དེ་བརྗོད་གཞི་ནི་སྒོམ་སྒྲུབ་དང་སེམས་ཁམས་རིག་པའི་ཐོག་ཡིན་པ་དང་བགྲོ་གླེང་དེ་གོ་སྒྲིག་ཞུ་རྒྱུར་མཉམ་རུབ་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེནཔོ་མཆོག་གི་ཧིན་དྷི་གསུང་བསྒྱུར་ཞབས་ཞུ་བ་ཀེ་ལེཤ་ཅན་དྷྲ་་བྷོདྷ་ལགས་ཀྱི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཕགས་བོད་མཁས་པའི་བགྲོ་གླེང་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་པ་གཞིར་བཟུང་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་པའི་ངོ་སྤྲོད་གནང་ཞིང་། རྒྱ་གར་ནང་ན་ལནྜ་གཏོར་བཤིག་བྱུང་རྗེས་ད་བར་ན་ལནྜ་ལྟ་བུའི་ཤེས་ཡོན་གྱི་བསྟི་གནས་ཤིག་བཟོ་བསྐྲུན་ཐུབ་མེད་པ་ནི་ང་ཚོ་རྒྱ་གར་བ་ཚོས་རང་ཉིད་ལ་འདྲི་དགོས་པའི་དྲི་བ་ཞིག་ཡིན་ལ། ང་ཚོས་གོ་མ་ཆོད་པར་གནས་པ་དེ་ངོས་ལེན་བྱེད་དགོས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་ནང་རྒྱ་གར་ཡུ་པི་དང་བྷི་ཧར། ཀར་ན་ཀྲ་ཀ་དང་མ་ཧ་རཤ་ཏྲ་སོགས་རྒྱ་གར་མངའ་སྡེ་འདྲ་མིན་ཁག་༡༥ཙམ་ཞིག་ནས་མཁས་དབང་དང་ཟུར་མཁན་སོགས་རྒྱ་གར་བ་མི་གྲངས་༢༥༠ཙམ་ཞིག་དང་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་བླ་དགེ་འདུན་པ་སོགས་མཉམ་ཞུགས་གནང་འདུག་ལ། མོན་གྷོ་སམ་བྷོ་ཌའི་སློབ་ཕྲུག་རྒན་པ་ཚོ་ཟུར་ཉན་དུ་བཅར་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།