སངས་རྒྱས་ཀྱིས་གསུང་བའི་ཆོས་དེ་མི་ཚོར་བསླབ་དགོས་པ་རེད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ་བ།

2022.06.29
Share on WhatsApp
Share on WhatsApp
སངས་རྒྱས་ཀྱིས་གསུང་བའི་ཆོས་དེ་མི་ཚོར་བསླབ་དགོས་པ་རེད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ་བ། ༸གོང་ས་མཆོག་གིས་Gagan Malikལགས་སུ་མཇལ་ཁ་སྩལ་བཞིན་པ། ༢༠༢༢།༠༦།༢༩
OHHDL

༧གོང་ས་མཆོག་ལ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་Gagan Malikནས་སངས་རྒྱས་ཀྱི་སྐུ་བརྙན་བརྒྱད་ཁྲི་བཞི་སྟོང་རྒྱ་གར་ནང་བཞག་སྟེ། ནང་ཆོས་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ་ཞུས་པར། ༧གོང་ས་མཆོག་གིས་གཙོ་བོ་སངས་རྒྱས་ཀྱིས་གསུང་བའི་ཆོས་དེ་མི་ཚོར་བསླབ་དགོས་པ་རེད་ཅེས་ལམ་སྟོན་ཕེབས་ཡོད་པ། བཞུགས་སྒར་ཕོ་བྲང་དུ་ཕྱི་ཟླ་༦པའི་ཚེས་༢༩ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ། དཔལ་གོ་ཏ་མ་གཞོན་ནུ་དོན་འགྲུབ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་གློག་བརྙན་འཁྲབ་སྟོན་པ་དང་། སངས་རྒྱས་པའི་ཆོས་ལ་གསར་དུ་ཞུགས་པ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་Gagan Malikནས་མཇལ་ཁ་ཞུས་ཏེ། ཁོ་རང་ལ་རྒྱ་གར་ནང་སངས་རྒྱས་པའི་ཆོས་ལུགས་བསྐྱར་གསོ་ཡོང་བའི་ཕུགས་བསམ་ཡོད་པ་དང་། འདས་པའི་ལོ་ཤས་ནས་རྒྱ་གར་ནང་གནས་རྩ་ཆེན་དང་ལྷག་པར་སངས་རྒྱས་ཀྱི་སྐུ་བརྙན་དཀོན་པའི་དགོན་སྡེ་ཁག་སོགས་སུ། སངས་རྒྱས་ཀྱི་སྐུ་འདྲ་བརྒྱད་ཁྲི་བཞི་སྟོང་འཇོག་པར་འབད་བརྩོན་བསྟེན་བཞིན་པ་ཞུས་པར། ༧གོང་ས་མཆོག་གིས་བསྔགས་བརྗོད་དང་འབྲེལ་གཙོ་ཆེར་མི་མང་ཚོར་སངས་རྒྱས་ཀྱི་གསུང་རབ་བསླབ་དགོས་པའི་ལམ་སྟོན་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
ང་ལ་མཚོན་ན་༧གོང་ས་མཆོག་གིས་མཇལ་ཁ་སྩལ་བ་ནི་ཧ་ཅང་སེམས་འགུལ་ཐེབས་པ་དང་གོ་རྟོགས་སད་པའི་གནས་སྐབས་ཤིག་ཏུ་བརྩི་ཡི་ཡོད་ལ། ཁོང་ལ་ངའི་སེམས་སུ་ཉར་བའི་རྒྱ་གར་དུ་ནང་ཆོས་བསྐྱར་གསོ་ཡོང་ཐབས་ཀྱི་ལས་དོན་བཀའ་མོལ་ཞུས་པ་དང་འབྲེལ། ལོ་ཤས་ནས་བཟུང་རྒྱ་གར་ནང་གནས་རྩ་ཆེན་ཁག་ཏུ་སངས་རྒྱས་ཀྱི་སྐུ་བརྙན་བརྒྱད་ཁྲི་བཞི་སྟོང་འཇོག་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་ཞུས་པར། ༧གོང་ས་མཆོག་གིས་ལས་དོན་དེ་ཡག་པོ་རེད་མོད་དེ་དང་ཆབས་ཅིག་ང་ཚོས་སངས་རྒྱས་ཀྱིས་གསུང་བའི་ཆོས་དེ་མི་ཚོར་བསླབ་ཐུབ་པ་བྱུང་ན། སྐུ་འདྲ་དང་མཉམ་དུ་ཆོས་ཀྱང་ཡག་པོ་ཞིག་ཤེས་ཐུབ་པ་ཡོང་གི་རེད་ཅེས་བཀའ་གནང་གི་འདུག་པ་མ་ཟད། ང་ཚོས་༧གོང་ས་མཆོག་རྒྱ་གར་མཱ་ཧཱ་རཱ་ཤེ་ཏྲཱི་མངའ་སྡེ་རུ་གདན་འདྲེན་ཞུས་པ་ཞལ་བཞེས་ཀྱིས་རིམ་པས་གཟིགས་ཆོག་ཅེས་བཀའ་ཕེབས་སོང་བ་དང་། ༧གོང་ས་མཆོག་གི་མཇལ་ཁ་བྱིན་རླབས་ལ་བརྟེན་ནས་ང་རང་གི་ལུས་སེམས་གཉི་གར་སྟོབས་ཤུགས་གསར་པ་ཞིག་འཕེལ་བའི་མུར། སེམས་ནང་བདེ་སྐྱིད་ཀྱི་ཚོར་བ་བརྗོད་མི་ཤེས་པ་ཞིག་ཡོང་གི་འདུག་པས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡོད། སངས་རྒྱས་ཐུགས་རྗེ་ཅན་གྱི་རྣམ་ཐར་བཀླགས་པ་བརྒྱུད་ང་རང་ནང་པའི་ཆོས་ཀྱི་རྗེས་སུ་ཞུགས་པ་མ་ཟད། སོ་སོའི་མི་ཚེ་ལ་འགྱུར་བ་གསར་པ་ཞིག་ཀྱང་བྱུང་སོང་ཞེས་འགྲེལ་བརྗོད་གནང་གི་འདུ
ང་རང་ཧིན་དུའི་ཆོས་ལ་དད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཏེ་འཚར་ལོངས་བྱུང་བ་རེད་མོད། སངས་རྒྱས་ཀྱི་མཛད་རྣམ་གློག་བརྙན་དེ་འཁྲབ་ཆེད་སངས་རྒྱས་ཉིད་ཀྱི་རྣམ་ཐར་ཆ་ཚང་བཀླགས་པ་དང་མཚུངས་ཆོས་ལའང་སློབ་གཉེར་བྱ་རྒྱུ་བྱུང་སྟེ། དེས་ང་རང་གི་དང་བ་ཆེས་ཆེར་དྲངས་པ་ལ་བརྟེན་ནས་ང་རང་ནང་པ་ཞིག་ཆགས་པ་དང་མི་ཚེ་ལ་འགྱུར་བ་གསར་པ་ཞིག་ཕྱིན་སོང་། ང་རང་ལུང་པའི་མི་ཚོར་སངས་རྒྱས་པའི་ཆོས་ཀྱི་གོ་རྟོགས་འཕེལ་ཐབས་སུ། ཐོག་མར་ང་རང་གིས་ཆོས་ཡག་པོ་ཞིག་ཤེས་ཆེད་ཐེ་ལཎྡྲི་རྒྱལ་ཁབ་ཏུ་ཉི་མ་བཅོ་ལྔའི་རིང་གྲྭ་བ་བྱས་པ་དེས། ང་རང་ལ་བདེ་སྐྱིད་དང་གོ་རྟོགས་གསར་པ་མང་པོ་ཞིག་འཕེལ་བ་མ་ཟད། རྒྱ་གར་དུ་ནང་ཆོས་བསྐྱར་གསོ་ཡོང་ཐབས་ཀྱི་ང་རང་གི་ལས་འཆར་ལའང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཐོབ་ཞེས་ངོ་སྤྲོད་གནང་གི་འདུག
ཡང་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྒྱ་གར་བ་དགེ་བཤེས་གྲགས་པ་སྦྱིན་པ་ལགས་ནས། གློག་བརྙན་འཁྲབ་སྟོན་པ་ཁོང་གི་མཇལ་ཁ་ལ་རོགས་རམ་སྐད་བསྒྱུར་གནང་གི་ཡོད་པས། ཁོང་གིས་རྒྱ་གར་ནང་སངས་རྒྱས་པའི་ཆོས་ཉམས་ཆག་ཏུ་ཕྱིན་ཡོད་ནའང་། སངས་རྒྱས་པའི་ཆོས་རབ་དང་ཕུལ་དུ་ཕྱིན་པ་བོད་ཡིག་ནང་ལྷག་ཡོད་པར་བརྟེན། གལ་ཏེ་རྒྱ་གར་བ་ཚོས་ནང་ཆོས་རྒྱ་གར་དུ་སྤེལ་འཆར་ཡོད་ན། ཁོང་ཚོས་བོད་སྐད་སྦྱངས་ནས་བོད་ཀྱི་དགོན་པ་ཁག་ཏུ་སློབ་གཉེར་གནང་བ་ཡིན་ན། ནང་ཆོས་རྒྱ་གར་དུ་བསྐྱར་གསོ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྷཱ་གྷན་མཱ་ལིཀ་ལགས་ནས་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་Sri Siddhartha Gauthamaཟེར་བ་དེ་འཁྲབ་པ་ལ་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་གནང་བའི་ནང་པའི་གློག་བརྙན་དུས་སྟོན་གྱི་ཐོག་གློག་བརྙན་འཁྲབ་སྟོན་མི་སྣ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་མ་ཟད། ཁོང་གིས་རྒྱ་གར་གྱི་རཱ་མ་ནའི་གཏམ་རྒྱུད་གློག་བརྙན་དུ་ཕབ་བསྐྲུན་གནང་བའི་ནང་། རྒྱལ་པོ་རཱ་མ་ན་སོགས་འཁྲབ་སྟོན་གྱིས་སྙན་གྲགས་ཆེན་པོ་ཐོབ་པ་ཞིག་ཡིན་ནའང་། ད་ཆ་ཁོ་རང་ནང་པའི་ཆོས་ཀྱི་རྗེས་སུ་ཞུགས་ཏེ་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུར་འབད་བརྩོན་བསྟེན་གྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་རིམས་ནད་ཁྱབ་གདལ་དང་འབྲེལ་བོད་མི་ཚོས་༧གོང་ས་མཆོག་ལ་སྐྱབས་མཇུག་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་མང་དག་ཅིག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎