རྒྱ་ནག་ཏུ་ཁྱབ་གདལ་འགྲོ་བཞིན་པའི་ཆམ་རིམས་གསར་པ་HMPVཟེར་བ་དེ། རྒྱ་གར་དུའང་མི་རེ་ཟུང་ལ་འགོས་ཡོད་པའི་ཐད་བོད་མིའི་སྒྲིག་འཛུགས་ནས་ཐུགས་སྣང་གནང་གི་ཡོད་པ།
རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་གློ་བའི་གཉན་ཚད་དང་འབྲེལ་བའི་ཆམ་རིམས་གསར་པ་(HMPV)ཟེར་བ་ཞིག་རྒྱ་ཁྱབ་དུ་འགོས་བཞིན་པ། ཟླ་ ༡ ཚེས་ ༣ ནས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འགོད་སྤེལ་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ཀྱང་གློ་ཚད་ནད་ཡམས་དེ་འགོས་ཁྱབ་ཤུགས་ཆེ་འགྲོ་མུས་ཡིན་ཞེས། རྒྱ་ནག་རྒྱལ་ཡོངས་སུ་ཛ་དྲག་གི་ཉེན་བརྡ་བཏང་ཡོད་པའི་སྐབས་འདིར། ཟླ་ ༡ ཚེས་ ༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་དུའང་ཕྲུ་གུ་ཆུང་ཆུང་མ་འབྱར་གཉིས་ལ་ནད་ཡམས་དེ་འགོས་ཟིན་པ་ར་སྤྲོད་བྱུང་ཡོད་པར་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་གྱིས་འཕྲོད་བསྟེན་ལས་བྱེད་པ་ཚོར་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད་འདུག
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་དྲུང་འཕར་བདེ་སྐྱིད་ལགས་ནས་ཀྱང་། རྒྱ་ནག་དང་མཱ་ལེ་ཤེ་ཡའི་ནང་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་ཡམས་དང་ཆ་འདྲ་བ་དེ། རྒྱ་གར་ནང་ད་ལྟའི་ཆར་འགོས་ཁྱབ་ཆེན་པོ་ཕྱིན་མེད་ནའང་རྒྱ་གར་གཞུང་གིས་ཡིད་གཟབ་གནང་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་བཞིན། འཕྲོད་བསྟེན་ལས་ཁུངས་ནས་དེའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པ་དང་། དགོས་གལ་བྱུང་ན་བཀོད་ཁྱབ་གཏོང་ངེས་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ནང་ཆམ་རིམས་གསར་པ་དེ་འགོས་ཟིན་པའི་ཕྲུ་གུ་གཉིས་ཀར་ད་ལྟའི་ཆར་ཕྱི་རྒྱལ་དུ་འགྲུལ་བཞུད་བྱས་པའི་ལོ་རྒྱུས་མེད་པ་མ་ཟད། ཆམ་རིམས་དེ་བཞིན་རྒྱ་ནག་ཏུ་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་ཀྱི་རྒྱུན་དེ་ལས་བྱུང་བ་ཡིན་མིན་ད་ཆ་གསལ་པོ་ཤེས་ཀྱི་མེད་ལུགས་རྒྱ་གར་གསར་ལམ་ཁག་ཏུ་འཁོད་འདུག་ལ། སྤྱིར་བཏང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་དེ་ཤུགས་ཆེར་སྤེལ་བཞིན་པའི་རྐྱེན་གྱིས། རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རིམས་ནད་ལྟ་ཞིབ་ལྷན་ཚོགས་ཀྱིས་ཚོགས་འདུ་ཞིག་བསྐོངས་ཏེ་བརྡ་ཁྱབ་ཅིག་སྤེལ་བའི་ནང་། རིམས་ནད་དེ་དག་ནི་ཆམ་རིམས་འབྱུང་བའི་དུས་ཚིགས་ཀྱི་འཆར་ཅན་ཆམ་ནད་ཅིག་ཡིན་པ་ལས། དམིགས་བསལ་ཛ་དྲག་པོ་མིན་པའི་སྐོར་ངོས་འཛིན་གནང་གི་ཡོད་ཅེས་གསལ་སྟོན་གནང་ཡོད་པ་རེད།
རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་ཏོག་དབྱིབས་གཉན་རིམས་དང་ཆ་འདྲ་བ་དེའི་ནད་རྟགས་གཙོ་བོ་ནི། ཚ་བ་རྒྱས་པ་དང་གློ་ལུ་རྒྱག་པ། ལྷག་པར་ཕྲུ་གུ་ལོ་ཆུང་ཚོར་དབུགས་འབྱིན་རྔུབ་ཐད་དཀའ་ངལ་འཕྲད་པ་སོགས་ཡིན་པ་རེད་འདུག །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས།