རྒྱ་ནག་ནང་མེ་ཊ་ཞེས་པའི་གློ་ཚད་རླུང་ནད་ (HMPV) ནད་ཡམས་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་འདུག
དེང་སྐབས་རྒྱ་ནག་ནང་ Human metapneumovirus - (HMPV) མེ་ཊ་ཞེས་པའི་མིའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་གསར་པ་ཞིག་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་དང་། ནད་དེ་ནི་ཆམ་པ་དང་འདྲ་བའི་ནད་རྟགས་སྤྱིར་བཏང་སྐྱེད་མཁན་གྱི་གཉན་སྲིན་ཞིག་ཡིན་པ་དང་། གློ་ཚད་དང་། དབུགས་འཚང་བ། སྣ་ཆུ་འཛག་པ། མིད་པ་ན་བ་བཅས་ཡོང་གི་ཡོད་ཅིང་། ནད་ཡམས་དེ་ལོ་ཆུང་བྱིས་པ་དང་། རྒན་ཁོག དེ་བཞིན་ལུས་ཀྱི་ནུས་སྟོབས་ཞན་པོ་ཡོད་མཁན་ཚོ་ལ་འགོས་ཉེན་ཆེ་བའི་ནད་གཞི་ཚབས་ཆེན་ཞིག་ཡིན་པ་དང་། སྤྱིར་མི་ཕལ་ཆེ་བར་ལོ་ན་ ༥ ལ་མ་སོན་གོང་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་སྔ་ཏོག་དབྱིབས་ནད་ཡམས་ཀོ་ཝིཌ་ ༡༩ (Covid 19) ཁྱབ་གདལ་ཕྱིན་པའི་ལོ་ལྔའི་རྗེས་སུ་ད་ཆ་རྒྱ་ནག་ནང་(HMPV) མེ་ཊ་ཞེས་པའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་དེ་ཁྱབ་གདལ་བྱུང་བ་དང་། གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནང་ནད་ཡམས་དེ་འགོས་ཁྱབ་བྱུང་པའི་མི་གྲངས་མང་དུ་ཕྱིན་ནས་ད་ལྟ་རྒྱ་ནག་གི་སྨན་ཁང་ཁག་ནང་ནད་པ་ཉལ་ས་མེད་པ་དང་། པུར་སྲེག་ཁང་དུ་ཡང་ཕུང་པོ་སྒྲིག་ས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་ལུགས་བཀོད་འདུག
ཡང་སྤྱི་ཚོགས་དྲྭ་ལམ་ཐོག་འགའ་ཞིག་གིས་རྒྱ་ནག་ནང་ཆམ་རིམས་ (Influenza A) དང་། Human (HMPV) མེ་ཊ་ཞེས་པའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་དེ་དང་མཉམ། ཏོག་དབྱིབས་ནད་ཡམས་ ༡༩ སོགས་ནད་ཡམས་ཁག་ཅིག་ཁྱབ་གདལ་འགྲོ་བཞིན་ཡོད་ལུགས་བརྗོད་འདུག་པ་མ་ཟད། དེའི་ཐད་རྒྱ་ནག་གཞུང་གིས་ཛ་དྲག་གིས་གསལ་བསྒྲགས་སྤེལ་ཡོད་ལུགས་བརྗོད་འདུག་ཀྱང་དེའི་ཐད་གཞུང་འབྲེལ་གྱིས་ར་སྤྲོད་གང་ཡང་བྱུང་མེད་པ་རེད་འདུག
དེའི་ཐད་ཨ་རིའི་(Johns Hopkins)་སློབ་གྲྭ་ཆེན་མོའི་སྨན་གྱི་སྡེ་ཚན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། གནས་སྐབས་ན་ཚ་དེའི་སྐོར་དེ་ཙམ་གསལ་བོ་མི་འདུག ཡིན་ཡང་གནས་ཚུལ་ཁག་ལ་བལྟས་ན་ན་ཚ་དེ་ཆམ་རིམས་རིགས་དང་གློ་ནད་རིགས་ཞིག་ཡིན་པ་འདྲ། ནད་རྟགས་གློ་རྒྱག་པ་དང་། ཚ་བ་རྒྱས་བ། ཆམ་པ་ཕོག་པ་སོགས་ཡོད་པ་འདྲ། གང་ལྟར་ནད་ཡམས་ག་རེ་ཡིན་ཁ་གསལ་མ་ཆགས་ན་ཡང་དེ་སྔའི་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ཉམས་མྱོང་ལས་སྔོན་འགོག་ཐད་ཚང་མས་གཟབ་ནན་གནང་རྒྱུ་གལ་ཆེན་ཡིན་པ་གསུངས་བྱུང་།
དེ་བཞིན་རྒྱ་གར་གཞུང་གིས་ཀྱང་རྒྱལ་ནང་དུ་ (HMPV) མེ་ཊ་ཞེས་པའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་དེ་ཁྱབ་ཉེན་ཡོད་མེད་ལ་དོ་སྣང་བྱེད་བཞིན་ཡོད་པ་བསྒྲགས་འདུག
(HMPV) མེ་ཊ་ཞེས་པའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་དེ་ཆམ་རིམས་ལྟ་བུའི་ནད་རྟགས་ཡོད་པ་དང་། ནད་ཡམས་དེ་ནི་དགུན་དུས་དང་དཔྱིད་ཀའི་དུས་སུ་ཁྱབ་གདལ་འགྲོ་ཤུགས་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།