ཧོང་ཀོང་གི་སྤྱི་ཁྱབ་བསྐོ་སྟངས་ཐད་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་སེམས་ཚབས་ཡོད་པ་བརྗོད་འདུག

2022.05.10
Share on WhatsApp
Share on WhatsApp
ཧོང་ཀོང་གི་སྤྱི་ཁྱབ་བསྐོ་སྟངས་ཐད་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་སེམས་ཚབས་ཡོད་པ་བརྗོད་འདུག ཧོང་ཀོང་གི་སྤྱི་ཁྱབ་གསར་བདམས་བྱུང་བ་(John Lee)་དང་སྤྱི་ཁྱབ་(Carrie Lam) ༠༥།༠༩།༢༠༢༢
AP

དེ་ཡང་རོའུ་ཊར་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སོགས་ལག་བསྟར་བྱེད་མཁན་གཙོ་གྲས་རྒྱ་ནག་དམར་ཕྱོགས་གཞུང་ལ་ཕྱོགས་མཁན་ཇོན་ལེ་(John Lee)་ཧོང་ཀོང་གི་སྤྱི་ཁྱབ་པ་གསར་པར་བསྐོ་གཞག་བྱས་ཡོད་པ་དང་། དེའི་ཐད་འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་(G7)་གྱིས་གསལ་བསྒྲགས་སྤེལ་ནས། ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ཀྱི་བརྒྱུད་རིམ་ནི་སེམས་ཚབས་བྱ་དགོས་པའི་གནས་སྟངས་ཤིག་ཡིན་པ་གསལ་སྟོན་གནང་ཡོད་པ་མ་ཟད། དེའི་ཐོག་ནས་ཧོང་ཀོང་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་པར་ཡང་སེམས་ཚབས་བྱ་དགོས་པ་ཞིག་ཆགས་ཡོད་པའི་སྐོར་སོགས་བཀོད་ཡོད་པ་རེད།
ཕྱི་ཟླ་ལྔ་པའི་ཚེས་༨ཉིན་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཧོང་ཀོང་གི་འོས་བསྡུ་ལྷན་ཁང་ཟེར་བའི་འཐུས་མི་མི་གྲངས་༡༤༡༦ཡིས་འོས་ཤོག་འཕངས་ནས་འགྲན་རྩོད་བྱེད་མཁན་གྱི་ཁ་གཏད་གཅིག་ཀྱང་མེད་པའི་འོག ཉེན་རྟོག་པའི་རྒྱབ་ལྗོངས་ཡོད་པའི་ཧོང་ཀོང་གི་དཔོན་རིགས་ཟུར་པ་ལིའི་ཅའ་ཁྲའོ་ཧོང་ཀོང་གི་སྤྱི་ཁྱབ་ཏུ་འོས་འདེམས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱེད་པའི་སྐབས་དང་། དེའི་རྗེས་སུ་ཡང་ནམ་ཞིག་ཧོང་ཀོང་ནང་མི་དམངས་ཀྱིས་ཐད་ཀར་འོས་ཤོག་འཕངས་ནས་སྤྱི་ཁྱབ་འོས་འདེམས་བྱ་རྒྱུའི་ལམ་ལུགས་བསྐྲུན་རྒྱུ་ཁས་ལེན་བྱས་ཡོད་ན་ཡང་། ད་ཆ་ཁས་ལེན་དེ་བརྩིས་མེད་བཏང་བ་མ་ཟད། དེའི་གོང་གི་སྤྱི་ཁྱབ་འོས་འདེམས་ཀྱི་ལམ་ལུགས་ཡང་བརྩིས་མེད་ཀྱིས་ད་ཆ་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ནང་ཧོང་ཀོང་གི་མི་དམངས་ས་ཡ་བདུན་དང་འབུམ་བཞི་ལྷག་ཙམ་ལ་སྤྱི་ཁྱབ་འོས་འདེམས་བྱེད་པའི་དབང་ཆ་རྩ་བ་ནས་མེད་པར་འགྱུར་ཡོད་པ་རེད།
ཕྱི་ཚེས་༡༠ཉིན་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་དབུས་གཞུང་གི་གཞུང་ལས་ཁང་ཟེར་བས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ཐོག་སྤེལ་བའི་གསལ་བསྒྲགས་ཟེར་བ་དེ་ནི། ཁེངས་དྲེགས་དང་ཕྱོགས་རིས་ཀྱི་རྣམ་པ་ལྡན་པའི་གསལ་བསྒྲགས་ཤིག་ཡིན་ལུགས་དང་། ཧོང་ཀོང་གི་འོས་འདེམས་བརྒྱུད་རིམ་དེ་བཞིན་ཁྲིམས་མཐུན་དང་དྲང་བདེན་ཞིག་ཡིན་ལུགས་བཀོད་ཡོད་འདུག
དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཧོང་ཀོང་ནང་གི་དམིགས་བསལ་སྐུ་ཚབ་ནས་ཀྱང་ཕྱི་ཚེས་༩ཉིན་དེར་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་ཧོང་ཀོང་གི་འོས་འདེམས་ཐད་སྤེལ་བའི་གསལ་བསྒྲགས་དེ་ནི་འགན་ལེན་མ་བྱས་པའི་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ལ་དམའ་འབེབ་བྱས་པ་ཞིག་ཡིན་པའི་ཁར། རྒྱ་ནག་གི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་སོགས་བཤད་ཡོད་འདུག
འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་(G7)་ནི། ཨ་རི་དང་། ཁེ་ཎ་ཌ། ཇར་མན། ཧྥ་རན་སི། དབྱིན་ཡུལ། ཉི་ཧོང་། ཨི་ཊ་ལི་བཅས་ཡིན་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།