ཧོང་ཀོང་གི་རྫོང་གི་ལྷན་ཚོགས་འཐུས་མི་རྣམ་པས་གཞུང་ལ་དགའ་ཞེན་ཡོད་པའི་ལས་འཁུར་དམ་འབུལ་དགོས་བ་བཟོས་འདུག

2021-09-07
Share
ཧོང་ཀོང་གི་རྫོང་གི་ལྷན་ཚོགས་འཐུས་མི་རྣམ་པས་གཞུང་ལ་དགའ་ཞེན་ཡོད་པའི་ལས་འཁུར་དམ་འབུལ་དགོས་བ་བཟོས་འདུག ཧོང་ཀོང་ནང་གི་རྫོང་གི་ལྷན་ཚོགས་འཐུས་མིའི་འོས་བསྡུ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་གི་སྐབས། ༡༡།༢༥།༢༠༡༩
AP

ཧོང་ཀོང་ནང་གི་རྫོང་གི་ལྷན་ཚོགས་འཐུས་མི་རྣམས་ཀྱིས་ནང་སྲིད་ལས་ཁུངས་ནས་མགྲོན་བརྡ་འབྱོར་བ་དང་རེས་གཟའ་པ་སངས་ཉིན་ནས་ནང་སྲིད་དྲུང་ཆེ་(Caspar Tsui)་ཡིས་གཙོ་སྐྱོང་འོག་དམ་བཅའ་ཕུལ་དགོས་ཀྱི་ཡོད་པ་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་(Carrie Lam)་གྱིས་བརྗོད་ཡོད་འདུག྄
ཧོང་ཀོང་ནང་གི་རྫོང་ཁག་གི་གི་ལྷན་ཚོགས་འཐུས་མིའི་འོས་བསྡུའི་ནང་འཐུས་མི་གཅིག་ཙམ་ལས་གཞན་ཡོངས་རྫོགས་ཕྱོགས་འགལ་དམངས་གཙོ་ཚོགས་པར་འོས་ཐོབ་བྱུང་ཡོད་པ་དང་། ཧོང་ཀོང་ས་གནས་གཞུང་གིས་ཕྱི་ཟླ་༢་པའི་ནང་གཏན་འབེབས་བྱས་པའི་ལས་འཁུར་དམ་འབུལ་གྱི་ཚིག་བརྗོད་ལ་འགྱུར་བ་བཏང་སྟེ་ད་ཆ་གཞུང་ལ་དགའ་ཞེན་དང་ཡིད་ཆེས་ཡོད་པའི་འབྲུ་དོན་ཁ་སྣོན་བྱས་པའི་རྗེས་སུ། འདས་པའི་ཟླ་བ་འགའ་ཤས་རིང་རྫོང་ཁག་གི་ལྷན་ཚོགས་འཐུས་མི་༢༦༠་ཡིས་ལས་འཁུར་ནས་དགོངས་པ་ཞུས་ཡོད་པ་རེད།
ཧོང་ཀོང་ས་གནས་སྲིད་གཞུང་གིས་ད་ཆ་རྫོང་ཁག་གི་ལྷན་ཚོགས་འཐུས་མི་ལྷག་འཕྲོས་༢༡༡་ལ་དམ་འབུལ་མཛད་སྒོར་བཅར་དགོས་པའི་མགྲོན་བརྡ་གཏོང་འཆར་ཡོད་པ་དང་། འཐུས་མི་ཇི་ཙམ་གྱིས་དམ་འབུལ་བྱེད་ཀྱི་ཡོད་མེད་ཚོད་དཔག་དཀའ་བའི་གནས་སུ་ཡོད་པ་རེད། རྒྱ་ནག་གི་བཀའ་བཀོད་རྒྱུན་འཛིན་བྱེད་མཁན་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ལྕམ་(Carrie Lam)་གྱིས་འཐུས་མི་ཚོས་དམ་འབུལ་བྱས་པ་ཙམ་གྱིས་འཐུས་མི་ཆགས་ཀྱི་མེད་པ་དང་། དམ་འབུལ་བྱས་པའི་འཐུས་མི་ཚོའི་རྒྱབ་ལྗོངས་ལ་ཞིབ་འཇུག་གིས་རྗེས་སུ། དམ་འབུལ་གནང་མཁན་གྱི་ཚན་པའི་ཐོག་ནས་དམ་འབུལ་དེ་འཐུས་གཙང་ཆགས་ཡོད་མེད་རིམ་པས་གཏན་འཁེལ་ཡོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
རྫོང་ས་ཁུལ་ཁག་གི་ལྷན་ཚོགས་དེ་ནི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་ཁ་གཏད་ཀྱི་སྡིངས་ཆ་གཙོ་བོ་དེ་ཆགས་ཡོད་པ་དང་། ཧོང་ཀོང་ས་གནས་གྲོས་ཚོགས་ནང་དམངས་གཙོ་ཚོགས་པའི་འཐུས་མི་བཞིར་འཐུས་མིའི་ཆ་རྐྱེན་ཚང་གི་མེད་ལུགས་བརྗོད་དེ་ཕྱིར་ཕུད་བཏང་བའི་རྗེས་སུ། དམངས་གཙོ་ཚོགས་པའི་འཐུས་མི་གཞན་ཡོངས་ཀྱིས་ངོ་རྒོལ་གྱིས་དགོངས་པ་ཞུས་པ་དང་། ད་ཆ་ཧོང་ཀོང་ས་གནས་གྲོས་ཚོགས་ནང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འཐུས་མི་གཅིག་ཀྱང་མེད་པ་གྱུར་ཡོད་པའི་སྐོར་(Hong Kong Free Press)་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། བློ་བཟང་ཡེ་ཤེས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།