ཧོང་ཀོང་གི་ཉེན་རྟོག་པས་གསར་འགོད་པ་ཞིག་འཛིན་བཟུང་བྱས་འདུག

2022.04.12
Share on WhatsApp
Share on WhatsApp
ཧོང་ཀོང་གི་ཉེན་རྟོག་པས་གསར་འགོད་པ་ཞིག་འཛིན་བཟུང་བྱས་འདུག གསར་འགོད་པ་རྒན་གྲས་དང་ཤེས་ལྡན་མི་སྣ་(Allan Au)
@ 區家麟 /Facebook

ཧོང་ཀོང་གི་ས་གནས་ཉེན་རྟོག་པས་གྱེན་ལོག་བྱ་རྒྱུར་སྐུལ་སློང་བྱས་ལུགས་ཀྱི་ཉེས་འཛུགས་འོག་ཧོང་ཀོང་གི་གསར་འགོད་པ་ཞིག་འཛིན་བཟུང་བྱས་འདུག
དེ་ཡང་ཕྱི་ཚེས་༡༡ཉིན་རོའུ་ཊར་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་གཏན་འབེབས་ལག་བསྟར་བྱས་པའི་རྗེས། ཧོང་ཀོང་ནང་གི་ཀུ་ཤུ་ཉིན་རེའི་ཚགས་ཤོག་དང་། དེ་བཞིན་གླིས་གྲང་《立场》ཞེས་པའི་གསར་འགྱུར་ལས་ཁང་སོགས་གསར་འགྱུར་ལས་ཁང་མི་ཉུང་བ་ཞིག་སྒོ་རྒྱབ་དགོས་བྱུང་ཡོད་པ་རེད། ས་གནས་ཉེན་རྟོག་པས་ཕྱི་ཚེས་༡༡ཉིན་གསལ་བསྒྲགས་སྤེལ་བའི་ནང་། ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་ལས་ཁང་གིས་སྐུལ་སློང་ལྡན་པའི་དུས་དེབ་འདོན་མཁན་རང་ལོ་༥༤ཡིན་པའི་སྐྱེས་པ་ཞིག་འཇུ་བཟུང་གིས་ཞིབ་བཤེར་བྱེད་བཞིན་པའི་སྐོར་བཀོད་ཡོད་འདུག
ས་གནས་ཀྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། གོང་ཞུས་འཛིན་བཟུང་བྱས་པའི་གསར་འགོད་པ་དེ་བཞིན་དེ་སྔོན་མིང་པོ་ཚགས་ཤོག་དང་། སྒོ་རྒྱབ་ཟིན་པའི་ཀུ་ཤུ་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་མཁན་ཧོང་ཀོང་རྒྱ་ཡིག་སློབ་གྲྭ་ཆེན་མོའི་གསར་འགོད་པ་རྒན་གྲས་དང་ཤེས་ལྡན་མི་སྣ་(Allan Au)་ཡིན་པ་གནས་ཚུལ་སྤེལ་ཡོད་འདུག
ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བའི་ནང་གྱེན་ལངས་བྱ་རྒྱུར་སྐུལ་སློང་གི་ཁྲིམས་ལུགས་དོན་ཚན་འཁོད་མེད་པ་དང་། རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བའི་ནང་འཇིགས་སྐུལ་རིང་ལུགས་དང་དེ་བཞིན་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱེད་མཁན། རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་མགོ་སྟིང་སློག་རྩིས་བྱེད་མཁན་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་རེད། ཡིན་ན་ཡང་ཉེ་བའི་ཟླ་བ་ཁ་ཤས་ནང་ཧོང་ཀོང་ཁྲིམས་ཁང་གིས་དེ་སྔོན་ཧ་ལམ་བེད་སྤྱོད་བྱེད་ཀྱི་མེད་པའི་ཧོང་ཀོང་དབྱིན་ཇིའི་མི་སེར་སྤེལ་ཡུལ་སྐབས་ནས་བཟོས་པའི་ཁྲིམས་ལུགས་གྱེན་ལངས་སྐུལ་སློང་ཟེར་བའི་ཉེས་བཙུགས་ཐོག་ནས་ཧོང་ཀོང་ནང་གི་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཚོར་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་རེད། འཛིན་བཟུང་བྱས་བའི་ཧོང་ཀོང་གི་གསར་འགོད་པ་ཨའོ་ཡི་སྐོར་རོའུ་ཊར་གསར་འགོད་པས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཀེ་རི་ལེམ་ལ་སྐད་ཆ་དྲིས་པའི་སྐབས། ལེམ་གྱིས་མི་སྒེར་གྱི་གྱོད་དོན་ཐད་ཁོ་མོས་ལན་འདེབས་གང་ཡང་བྱེད་ཀྱི་མེད། ཡིན་ན་ཡང་གསར་འགོད་རང་དབང་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་ནང་བཀོད་ཡོད་ལུགས་ལན་འདེབས་བྱས་ཡོད་འདུག ཧོང་ཀོང་གི་གསར་འགོད་པའི་མཐུན་ཚོགས་ནས་གནད་དོན་དེའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། གསར་འགོད་པ་ཨའོ་འཛིན་བཟུང་བྱས་བའི་ཐོག་ནས་ཧོང་ཀོང་ནང་གསར་འགོད་རང་དབང་ཐད་མུ་མཐུད་ནས་གནོད་འཚེ་ཕོག་རྒྱུ་ཡིན་པར་སེམས་ཚབས་གནང་གི་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།