སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་སྟབས་དང་དམ་དྲག་ངང་དུར་ཁྲོད་དུ་སྐྱེལ་ཏེ་མགྱོགས་མྱུར་ཞུགས་འབུལ་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཝིཡེཏ་ནམ་འབྲེལ་ཡོད་ཚན་པས། ཧ་ཅང་དམ་དྲག་གསང་སྟབས་ཀྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་། ཉེ་འཁོར་དུ་ཡོད་པའི་ས་སྐྱ་ཆོས་ཚོགས་ཀྱི་དུར་ཁྲོད་དུ་སྐྱེལ་ཡོད་ན་ཡང་། འབྲེལ་ཡོད་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོ་མགྲོན་ཁང་དུ་བཅུག་ནས་བཏང་མེད་པ་མ་ཟད། ཉེན་རྟོག་པ་དང་བརྙན་མིག་གིས་ལྟ་སྲུང་དང་ལྟ་རྟོག་ཤུགས་ཆེན་འོག་དབོར་འདྲེན་བྱས་ཡོད་པ། སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་གྱི་གནད་དོན་ཐད་ཞིབ་འཇུག་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་དང་། འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་མུ་མཐུད་བརྗོད་དོན་ལ། སྐུ་ཕུང་དུར་ཁྲོད་དུ་གདན་འདྲེན་དང་འབྲེལ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ ༣༠ ལྷག་དང་། ཝིཡེཏ་ནམ་གྱི་ཉེན་རྟོག་པ་དང་གཞུང་འབྲེལ་མི་སྣ་ ༤༠ ལྷག་གིས་ལྟ་རྟོག་བྱས་ཡོད་པ་མ་ཟད། གནད་དོན་འདི་དང་འབྲེལ་ཡོད་ཀྱི་མི་སྣ་ཚང་མས་ཁ་པར་བཙན་འཕྲོག་དང་། རིན་པོ་ཆེའི་སྐུ་ཕུང་ཕྱི་ཚེས་ ༢༠ ཉིན་དེ། རེས་གཟའ་ཉི་མའི་ཉིན་གུང་བར་ངེས་པར་དུ་ཞུགས་འབུལ་ཚར་དགོས་པའི་ཛ་དྲག་གི་ལས་ཀ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་བཤད་པ་ནས་བཟུང་། ད་བར་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཝིཡེཏ་ནམ་གཞུང་གི་འབྲེལ་ཡོད་ཚན་པ་ནས། རིན་པོ་ཆེའི་ཞལ་ནས་ཙམ་ལས་ལྟ་མ་བཅུག་པར་ཧ་ཅང་གསང་སྟབས་དང་དམ་དྲག་འོག་ཉར་ཡོད་པ་རེད་ལ། གནད་དོན་དེ་དག་དང་འབྲེལ་བོད་མི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སོགས་ནས་རྒྱ་ནག་གཞུང་དང་ཝིཡེཏ་ནམ་གཞུང་གིས་འགན་ཁུར་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་རྐྱེན་ཕྱི་གསལ་ནང་གསལ་དགོས་པའི་ཞུ་སྐུལ་དང་། ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།