རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མིན་འདས་གྲོངས་སུ་སོང་འདུག

2022.11.30
Share on WhatsApp
Share on WhatsApp
རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མིན་འདས་གྲོངས་སུ་སོང་འདུག རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ཟུར་བ་ཅང་ཙི་མིན་(Jiang Zemin) ༢༠༡༢
AFP

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན། གཟའ་ལྷག་པ་ཕྱི་ཚེས་༣༠ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ཟུར་བ་ཅང་ཙི་མིན་(Jiang Zemin)་ལ་ཁྲག་རིལ་དཀར་པོའི་ནད་བྱུང་ནས་ལོ་༩༦ཐོག་སྨན་བཅོས་ཇི་ལྟར་བྱས་ཀྱང་མ་ཕན་པར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ནི་རླབས་ཆེན་གྱི་གསར་བརྗེ་མི་སྣ་ཞིག་ཡིན་པ་དང་། ༡༩༨༩ལོར་དམངས་གཙོའི་ལས་འགུལ་ཞོད་འཇགས་གཏོང་མཁན་གྱི་བྱས་རྗེས་ཅན་ཞིག་ཡིན་པ་སོགས་བསྒྲགས་འདུག་ལ། དེ་ནི་རྒྱ་ནག་ཧྲང་ཧེ་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་པ་ཟེར་བའི་སྲིད་ཇུས་དང་འགོ་ཁྲིད་ཞི་ཅིན་ཕིན་ལ་མི་མང་གིས་ངོ་རྒོལ་བྱེད་བཞིན་པ། ༡༩༨༩ལོའི་རྗེས་སུ་གཞི་རྒྱ་ཆེ་ཤོས་ཀྱི་མི་མང་སྒེར་ལངས་ཀྱི་ངོ་རྒོལ་ཞིག་ལངས་བཞིན་པའི་སྐབས་སུ་རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཁོང་འདས་གྲོངས་སུ་གྱུར་བ་རེད།
དེའི་ཐད་བོད་གནས་ཉམས་ཞིབ་པ་(Robbie Barnett)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྤྱི་ལོ་༡༩༩༤ལོ་ཅང་ཙི་མིན་སྲིད་འཛིན་ཡིན་པའི་སྐབས་སུ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ཚོགས་ནས། བོད་ནང་གི་དཀའ་ངལ་ཚང་མ་ཏཱ་ལའི་བླ་མ་དང་ཕྱིའི་སྟོབས་ཤུགས་ལས་བྱུང་བ་ཡིན་པའི་ངོས་འཛིན་སྲིད་ཇུས་གཏན་འབེབས་བྱས་ནས། ཏཱ་ལའི་བླ་མ་ལ་མཚན་དམོད་བྱེད་པ་སོགས་ཀྱི་སྲིད་ཇུས་འགོ་བཙུགས་པ་དང་། དེ་དང་མཉམ་དུ་དཔེར་ན། བོད་རྒྱ་འབྲེལ་མོལ་དང་། བོད་རྒྱ་ཕན་ཚུན་ཡིད་ཆེས་ཀྱི་གནས་སྟངས་སོགས་མང་པོ་ཞིག་འགག་སོང་བ་རེད། གཞན་ཅང་ཙི་མིན་གྱིས་སྲིད་དབང་བཟུང་སྐབས། བོད་ནང་གི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ནས། རྒྱ་ནག་གི་ལས་བྱེད་མི་སྣ་བོད་ཀྱི་དགོན་སྡེ་ཁག་ལ་གཏན་སྡོད་བྱེད་བཅུག་པ་དང་། གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་ཕུད་དང་འཛིན་བཟུང་བྱས་བའི་གནས་ཚུལ་བྱུང་བ་སོགས་གསུང་བྱུང་།

image.jpg
དེ་སྔ་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཆེན་པ་གཙོས་རྒྱ་ནག་མི་མང་གི་དམངས་གཙོའི་ལས་འགུལ་ཐོག་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས། ཅང་ཙི་མིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དབུ་ཁྲིད་ཀྱི་འགན་བཞེས་འདུག
གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ཅང་ཙི་མིན་དང་ཁོང་གི་ཧྲང་ཧེ་ཕྱོགས་གཏོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་ཐད་མུ་མཐུད་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་པ་དང་། ཏང་གི་ཚོགས་ཆེན་༢༠པའི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་ཐོག་བཅར་མ་ཐུབ་པ་དེ་ཡང་འཕྲོད་བསྟེན་གྱི་དཀའ་ངལ་རྐྱེན་ཡིན་པ་བརྗོད་འདུག ཡིན་ན་ཡང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་སྦྲགས། ལྐོག་ཟ་རུལ་སུངས་དང་འདྲ་མཉམ་གྱི་ཐོབ་ཐང་མེད་པ། ཁོར་ཡུག་ཉམས་ཆག་ཕྱིན་པའི་དཀའ་ངལ་སོགས་ཁོང་གིས་སེལ་མ་ཐུབ་པར་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་རེད། འོན་ཀྱང་ཁོང་གིས་སྐབས་སུ་རྒྱ་ནག་ནང་གསར་འགོད་རང་དབང་ད་ལྟ་ལས་ཆེ་བ་ཡོད་པ་བརྗོད་འདུག་ལ། གཞན་ཡང་ཨ་རིའི་སྲིད་འཛིན་བྷིལ་ཁུ་ལི་ཊོན་༡༩༩༨ལོར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མིན་དང་རྒྱ་ནག་ཏུ་མཇལ་འཕྲད་སྐབས་སུ་༧གོང་ས་ཏཱ་ལའི་བླ་མ་དང་བོད་དོན་སྐོར་ཡོངས་གྲགས་ཀྱི་གླེང་མོལ་གནང་ཡོད་པ་རེད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎