རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག

2024.10.07
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག གངས་རིན་པོ་ཆེ། Mt Kailash ༠༩།༢༠༢༤
བོད་འབྱོར། མི་སེར་གྱི་འདྲ་པར།

དེ་ཡང་དེ་སྔ་ཏོག་དབྱིབས་ནད་ཡམས་(Coivid-19)་ཁྱབ་གདལ་དང་། དེ་བཞིན་ལ་དྭགས་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར་གདོང་ཐུག་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ནས་བཟུང་། རྒྱ་གར་བ་རྣམས་གཞུང་འབྲེལ་དང་ཡང་ན་བལ་ཡུལ་བརྒྱུད་སྒེར་ངོས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་རྒྱུར་མུ་མཐུད་དུ་དམ་དྲག་བྱེད་བཞིན་པའི་གནས་སྟངས་འོག རྒྱ་གར་གྱི་(Uttarakhand)་མངའ་སྡེའི་སྤྲོ་འཆམ་དང་ལྟ་སྐོར་ལས་ཁུངས་ཀྱིས་ཕྱི་ཟླ་ ༡༠བའི་ཚེས་༣ཉིན་ནས་བཟུང་ཐད་ཕུར་གནམ་གྲུ་བརྒྱུད་གངས་རིན་པོ་ཆེར་གནས་སྐོར་བྱེད་རྒྱུ་འགོ་བཙུགས་ཡོད་སྐོར་(thestatesman.com)་གསར་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་རྒྱ་གར་བ་རྣམས་བལ་ཡུལ་བརྒྱུད་ནས་གངས་རིན་པོ་ཆེར་གནས་སྐོར་བྱེད་རྒྱུར་དམ་དྲག་བྱས་པའི་རྐྱེན་གྱིས་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་སྙན་ཐོ་ཁག་ཏུ་གསལ་ཡོད་པ་རེད།
ཕྱི་ཟླ་༡༠ཚེས་༣ཉིན་རྒྱ་གར་གྱི་མངའ་སྡེ་མི་འདྲ་བ་གསུམ་ནས་ཡོང་བའི་གནས་མཇལ་སྐོར་སྐྱོད་པ་མི་ལྔ་ཡིས་ཐེངས་དང་པོར་རྒྱ་གར་གྱི་ས་ཐོག་ནས་བོད་ཀྱི་ས་ཁུལ་དུ་ཡོད་པའི་གངས་རིན་པོ་ཆེ་མཇལ་ཡོད་པ་རེད།
རྒྱ་གར་གྱི་(Uttarakhand)་མངའ་སྡེའི་སྤྲོ་འཆམ་དང་ལྟ་སྐོར་ལས་ཁུངས་དང་། ས་མཚམས་ཀྱི་ལམ་ཁའི་ལས་ཁུངས། འཕགས་བོད་ས་མཚམས་ཉེན་རྟོག་ལས་ཁུངས་བཅས་ཀྱི་ལས་བྱེད་པའི་རུ་ཁག་ཅིག་གིས་ཟླ་ཤས་སྔོན་དུ་རྒྱ་གར་གྱི་(Lipulekh)་རི་རྒྱུད་རྙིང་པ་ནས་གངས་རིན་པོ་ཆེ་གསལ་པོར་མཇལ་ཐུབ་ཀྱི་ཡོད་པ་ཤེས་རྗེས། (Uttarakhand)་ལྟ་སྐོར་ལས་ཁུངས་ཀྱིས་ཉིན་ལྔ་དང་མཚན་བཞིའི་རིང་གི་ལྟ་སྐོར་ལས་གཞི་གསར་པ་འགོ་འཛུགས་བྱས་ཡོད་པ་རེད།
རྒྱ་གར་གྱི་(Uttarakhand)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Pushkar Singh Dhami)་ཡིས། རྒྱ་གར་གྱི་ས་ཆ་ནས་གངས་རིན་པོ་ཆེར་གནས་སྐོར་འགྲོ་རྒྱུའི་འཆར་གཞི་ལག་བསྟར་བྱས་པ་འདིས་མངའ་སྡེའི་གཞུང་དང་དབུས་གཞུང་གི་ལས་ཁུངས་གཉིས་ཀའི་ཆོད་སེམས་མཚོན་གྱི་ཡོད་ཅིང་། ད་ནས་བཟུང་དད་ལྡན་པ་རྣམས་ཀྱིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་གནས་སྐོར་འགོ་འཛུགས་བྱེད་རྒྱུར་རེ་སྒུག་བྱེད་མི་དགོས་པར་རྒྱ་གར་རང་གི་ས་ཐོག་ནས་མཇལ་ཐུབ་ཀྱི་རེད་ཅེས་བརྗོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ ༢༨ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎