བདེ་སྲུང་བཀའ་བློན་མཆོག་གིས་འཇར་མན་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་སྤྱི་ཟླ་དང་པོའི་ཚེས་༥་ཉིན་འཇར་མན་ཁུལ་དུ་གཞུང་དོན་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་ཡོད་པ་དང་། ད་རེས་བཀའ་བློན་མཆོག་ཁུལ་དེར་མགྲོན་འབོད་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་གྲས་(Friedrich Naumann Foundation)་རོགས་སྐྱོར་ཚོགས་པ་ཡིན་འདུག་ལ། ཉིན་ཤས་རིང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་འཇར་མི་ནིའི་(Munich)་དང་། (Stuttgart)་ནང་ཕེབས་ཏེ་གཞུང་དོན་འཚམས་གཟིགས་གནང་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པའི་སྐབས། བཀའ་བློན་མཆོག་གིས་བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གོད་ཆགས་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་དང་འབྲེལ་རིང་མིན་འཚམས་གཟིགས་གནང་ཡུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་མཆོད་འབུལ་སྐབས་བཅར་རྒྱུ་ཡིན་ལུགས་གསུངས་བྱུང་།
ཡང་འཇར་མན་ནང་གི་འཚམས་གཟིགས་ཐད་དྲིས་སྐབས། བཀའ་བློན་མཆོག་གིས་ཉིན་གྲངས་འགའ་ཤས་རིང་འཇར་མན་གུ་ཡངས་ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་འདུའི་སྐབས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཚོས་བོད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་གི་འདུག གཞན་ཡུལ་དེའི་སློབ་གཉེར་ཁང་དང་ཉམས་ཞིབ་བསྟི་གནས་ཁག་ཅིག་ལའང་འཚམས་གཟིགས་དང་། ལ་མུ་ནིཀ་ནང་གི་བོད་རིགས་ཚོ་དང་མཇལ་འཕྲད་གནང་ཡོད་འདུག ད་དུང་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ཕྱི་སྲིད་ལས་དོན་ཚོགས་ཆུང་གི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་ཞུས་པ་སོགས་ད་བར་གྱི་མཛད་འཕྲིན་ཐུགས་བློ་ཁེངས་པོ་ཞིག་བྱུང་ཡོད་སྐོར་གསུངས་བྱུང་ལ། འཚམས་གཟིགས་སྐབས་བཀའ་བློན་མཆོག་དང་ལྷན་དུ་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཟླ་བ་སྒྲོལ་མ་ལགས་ཀྱང་མཉམ་བཅར་ཞུས་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།