དཔལ་རྒྱལ་བ་ཀརྨ་པ་མཆོག་ཕྱིར་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་པ་བཀའ་གནང་འདུག

2022.06.30
Share on WhatsApp
Share on WhatsApp
དཔལ་རྒྱལ་བ་ཀརྨ་པ་མཆོག་ཕྱིར་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་པ་བཀའ་གནང་འདུག བྱེས་ཀྱི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས། ༠༦།༣༠།༢༠༢༢
པ་སངས་ཚེ་རིང་། /RFA

ཟླ་བ་འདིའི་ཕྱི་ཚེས་༣༠དང་བོད་ཟླ་༥ཚེས་༡ཉིན་དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་བོད་ལུགས་ལྟར་དགུང་གྲངས་༣༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་ལྟར། བྱེས་ཀྱི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་༧གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་གཞུང་གི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་གཙོས་སྐུ་མགྲོན་དང་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
ད་རེས་ཀྱི་སྐུའི་འཁྲུངས་སྐར་ཉིན། རྒྱལ་དབང་ཀརྨ་པ་མཆོག་ལ་དྲ་ལམ་བརྒྱུད་རྒྱ་བལ་འབྲུག་སོགས་ཀྱི་ཀར་དགོན་རྣམས་ནས་འཁྲུངས་ལྷའི་བསང་གསོལ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་མ་ཟད། སྐབས་དེར་རྒྱལ་དབང་ཀརྨ་པ་མཆོག་ནས་དྲ་ལམ་བརྒྱུད་དད་ལྡན་མང་ཚོགས་ལ་བཀའ་སློབ་ཕེབས་སྐབས། འདས་པའི་ལོ་ཤས་ནང་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རྙོག་གླེང་མང་པོ་ཞིག་ཡོང་བཞིན་པ་མ་ཟད། ནང་ཁུལ་མཐུན་སྒྲིལ་མེད་པ་དེ་བློ་ཕམ་གྱི་གནས་སྟངས་ཞིག་ཡིན་དུས། ཚང་མས་བོད་མི་ནང་ཁུལ་འཆམ་མཐུན་དང་། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་ཀརྨ་པ་མཆོག་གིས་འདས་པའི་ལོ་ཤས་རིང་ཁོང་ཕྱིའི་རྒྱལ་ཁབ་དུ་གནས་དགོས་བྱུང་ཡོད་པ་དེ་ཡང་གཙོ་བོ་བསྟན་པ་དང་འགྲོ་བ་ཁོ་ནའི་དོན་དུ་དང་། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་བསྐྱོད་བདེ་རུ་ཡོང་བའི་ཆེད་དུ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་བཞེས་བ་ཡིན་སྐོར་དང་། ལྷག་པར་དུ་ཉེ་བའི་ནང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་ཕྱིན་པའི་རྐྱེན་གྱིས་ཁོང་རྒྱ་གར་དུ་ཕེབས་ཐུབ་མེད་པ་དང་། ད་ཆ་རྒྱ་གར་དབུས་གཞུང་དང་འབྲས་ལྗོངས་མངའ་སྡེ་གཞུང་ཕྱོགས་ནས་ཁོང་འབྲས་ལྗོངས་སུ་ཕེབས་ཐུབ་ཐབས་སུ་འབད་བརྩོན་གནང་མུས་ཡིན་དུས་ཁོང་རྒྱ་གར་ལ་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་གནང་སོང་།
དེ་བཞིན་མཛད་སྒོའི་ཐོག་གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རྒྱལ་དབང་མཆོག་བོད་ལུགས་ལྟར་དགུང་གྲངས་༣༨ཕེབས་པའི་དགའ་སྟོན་ལ་འཚམས་འདྲི་ཞུས་པ་དང་མཉམ། ཁོང་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་དང་ཁོང་མགྱོགས་ནས་མྱུར་དུ་གདན་ས་རུམ་བཏེག་ལ་ཕེབས་ཐུབ་པའི་སྨོན་འདུན་ཞུས་གནང་སོང་།
སྤྱིར་ལོ་ལྟར་རྒྱལ་དབང་ཀརྨ་པའི་སྐུའི་འཁྲུངས་སྐར་ཕྱི་ཟླ་༥ཚེས་༢༦ཉིན་སྲུང་བརྩི་ཞུ་སྲོལ་ཡོད་ན་ཡང་། སང་ལོ་ནས་བཟུང་༧རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་འཁྲུལ་མེད་དེ། བོད་ཟླ་༥ཚེས་༡ཡིན་པ་དང་གདན་ས་མཚུར་ཕུར་རུ་འཁྲུངས་ཚེས་དེ་རང་གི་ཐོག་ཏུ་འཁྲུངས་སྐར་བརྩི་སྲོལ་སྒྲུབ་དཔོན་བདེ་ཆེན་སྐུ་གོང་མའི་སྐབས་ནས་བཟུང་ད་བར་ཡོད་བཞིན་པ་ལྟར། བོད་ཕྱི་ནང་ཐམས་ཅད་ནས་དེ་ལྟར་གཅིག་གྱུར་ཕྱག་བསྟར་གནང་རྒྱུ་ཀརྨ་པའི་སྤྱི་ལས་ཁང་ནས་གསལ་བསྒྲགས་གནང་ཡོད་པ་རེད་འདུག
ཡང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་(Shri Prem Singh Tamang)་མཆོག་ནས་ཀྱང་ཁོང་གི་ངོ་དེབ་བརྒྱུད་རྒྱལ་དབང་ཀརྨ་པ་མཆོག་དགུང་གྲངས་༣༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་རིན་པོ་ཆེ་མཆོག་འགལ་རྐྱེན་བར་ཆད་རྣམས་སེལ་ནས་མཛད་འཕྲིན་སྔར་ལྷག་རྒྱས་པའི་སྨོན་འདུན་ཞུས་ཡོད་པ་རེད་འདུག
དེ་བཞིན་ཉིན་དེར་རྒྱ་བལ་འབྲུག་གསུམ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་མང་དག་ཞིག་ནང་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་ཚོས་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་བོད་ལུགས་ལྟར་དགུང་གྲངས་༣༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎