རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭ་སྒོ་རྒྱག་སྐབས་གཞུང་གཉེར་སློབ་གྲྭར་འགྲོ་འདོད་མི་བྱེད་མཁན་ཚོ་བཀག་སྐྱིལ་དང་ཆབ་སྲིད་སློབ་གསོ་སྤྲོད་པ་སོགས་བྱས་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡ ཉིན་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན། རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་ཡོད་པ་བཞིན། སློབ་ཕྲུག་རྣམ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཙན་ཐབས་ཀྱིས་གཏོང་སྐབས། སློབ་ཕྲུག་མང་དག་ཅིག་ནས་གཞུང་གཉེར་སློབ་གྲྭར་འགྲོ་རྒྱུར་ངོས་ལེན་མ་བྱས་སྟབས། ཟླ་ ༡༠ ཚེས་ ༢ ཉིན་ལོ་ན་༡༥ནས་༡༨ཡིན་པའི་སློབ་ཕྲུག་བཞི་བཙན་ཐབས་ཀྱིས་ཁྲིད་དེ་ཉིན་བཞིའི་རིང་བཀག་སྐྱིལ་དང་། ཆབ་སྲིད་སློབ་གསོ་སྤྲོད་པ་སོགས་བྱས་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། སློབ་གྲྭར་མི་འགྲོ་མཁན་དང་འདོད་མོས་མེད་མཁན་ཚོ་བཀག་སྐྱིལ་དང་། ཕ་མ་དང་དགོན་པའི་ངན་སྐུལ་བྱས་རབས་སོགས་ཀྱི་ཉེས་འཛུགས་འོག་ཆབ་སྲིད་སློབ་གསོ་འདྲ་མིན་སྤྲོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་སློབ་ཕྲུག་ཚང་མ་ལོ་ཚད་ཀྱི་ཆེ་ཆུང་ལྟར་གཞུང་གཉེར་སློབ་གྲྭར་བཙན་ཐབས་ཀྱིས་བཅུག་ཡོད་པ་ལས། མཛོད་དགེ་རྫོང་བཅའ་སྡོད་སློབ་ཆུང་དང་བཞག་ལྡོམ་སློབ་ཆུང་། ལྷ་མོ་སློབ་འབྲིང་། མཛོད་དགེ་རྫོང་སློབ་འབྲིང་སོགས་སུ་གཏོང་གི་ཡོད་ན་ཡང་། བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཅུག་པའི་གྲྭ་ཆུང་ཚོར་རྒྱ་ཡིག་སློབ་དེབ་རྐྱང་སློབ་ཁྲིད་དང་། ཟུར་དུ་རྒྱ་ནག་ཆབ་སྲིད་སློབ་གསོ་དང་ཞི་ཅིན་ཕྱིན་གྱི་བསམ་བློའི་དགོངས་པ་ཟེར་བ་སོགས་སློབ་ཁྲིད་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་ངོས་ནས་འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀོད་ཁྱབ་འོག ཕྱི་ཟླ་ ༩ ནང་སློབ་གྲྭ་དེའི་ལོ་ན་ ༦ ནས་ ༡༤ བར་གྱི་སློབ་ཕྲུག་ ༣༠༠ ལྷག་བཙན་ཐབས་ཀྱིས་མཛོད་དགེ་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་ཡོད་པ་རེད་ལ། རྗེས་སུ་ཟླ་ ༡༠ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་ཤུལ་དུ་ཡོད་པའི་སློབ་ཕྲུག་ལོ་ན་ ༡༥ ནས་ ༡༨ བར་ཡིན་པའི་སློབ་ཕྲུག་ ༢༠༠ ཡོད་པ་དེ་དག་གཞུང་གཉེར་སློབ་གྲྭ་བཏང་སྟེ་སློབ་གྲྭ་རྩ་ནས་སྒོ་བརྒྱབ་ཡོད་པ་རེད། ཟླ་ ༩ པའི་ནང་རྒྱ་ནག་གཞུང་ངོས་ནས་སློབ་ཞུགས་གསལ་བཤད་བརྡ་སྦྱོར་ཞེས་པའི་ཡིག་ཆ་ཞིག་སྤྲད་དེ། སློབ་ཕྲུག་གི་ཕ་མ་ཚོར་རྒྱ་ནག་གི་རྩ་ཁྲིམས་ཇི་བཞིན། སློབ་ཞུགས་གསལ་བཤད་བརྡ་ཐོ་འདི་འབྱོར་རྗེས་ནར་མ་སོན་པའི་བུ་ཕྲུག་རྣམས་སློབ་གྲྭར་བསྐྱལ་དགོས་པའི་མཚན་རྟགས་སྐྱོན་བཅུག་སྟེ་བཙན་ཐབས་སོགས་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕྱི་ལོ་ ༡༩༨༦ ལོ་ནས་བཟུང་ལོ་ཆུང་གྲྭ་གཞོན་ཚོར་ཆེད་དམིགས་ཀྱིས། གཞུང་ཆེན་ཁག་ལ་སློབ་གཉེར་མ་གནང་གོང་རིག་གནས་ཆེད་སྦྱོང་གི་སློབ་འཁྲིད་ཆེད་ཟུར་ཚོགས་ལྟ་བུ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གྲྭ་ཞེས་ལོ་ཆུང་གྲྭ་བ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་འགོ་བཙུགས་ཡོད་ན་ཡང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབས་བཅུག་ཡོད་པ་དང་། ཕྱིས་སུ་བསྐྱར་དུ་སྟག་ཚང་ལྷ་མོ་ཀིརྟིའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཞེས་འཚོགས་བཅུག་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་གཞུང་གིས་ཀིརྟི་དགོན་ཁག་ལ་དམ་དྲག་དང་གྲྭ་རྒྱུན་གསར་ཞུགས་སོགས་ལ་བཀག་འགོག་གི་གནས་ཚུལ་བྱུང་གི་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།