རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན། རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་སྟེ། དེ་སྔ་སློབ་གྲྭ་དེའི་སློབ་ཕྲུག་ ༣༠༠ ལྷག་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་སྟེ། ཕྱིར་དུ་ལོ་ན་ ༡༥ ནས་ ༡༨ བར་ཡིན་པའི་སློབ་ཕྲུག་ ༢༠༠ ཙམ་འཚོག་བཞིན་ཡོད་ན་ཡང་། ཕྱི་ཟླ་ ༡༠ ཚེས་༡ དང་ ༢ ཉིན་གཉིས་རིང་སློབ་ཕྲུག་དེ་དག་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭ་ཁག་ཏུ་གཏོང་བཅུག་གི་ཡོད་པ་མ་ཟད། སློབ་གྲྭ་རྩ་ནས་སྒོ་བརྒྱབ་སྟེ་དགེ་རྒན་དང་སློབ་ཕྲུག་གཅིག་ཀྱང་མེད་པ་བཟོས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ང་ཚོས་ངོས་ནས་སློབ་གྲྭ་དེ་གཏན་གནས་ཐུབ་ཆེད་ཐབས་ཤེས་ཡོད་ཚད་བཏོན་ན་ཡང་། རྩ་བ་ཉིད་ནས་ལམ་ཁ་ཞིག་མེད་སོང་བ་དང་། ད་ལྟའི་ཆར་སློབ་ཕྲུག་གི་ཁྱིམ་བདག་མང་པོས་བྱིས་པ་ཚོ་དགོན་པའི་སློབ་གྲྭར་གཏོང་མི་ཆོག་ན་ཡང་། མུ་མཐུད་དགོན་པར་འཇོག་རྒྱུའི་རེ་སྐུལ་བྱས་ན་ཡང་། དེ་རིགས་ཁྲིམས་འགལ་ཡིན་པ་དང་ཁྱིམ་བདག་ཚོས་བྱིས་པའི་སློབ་གསོ་མྱོང་བའི་ཐོབ་ཐང་ལ་འགན་འཁུར་གྱི་མེད་སྐོར་བརྗོད་ནས་ཉེས་འགེལ་དང་བཙན་ཐབས་ཁོ་ན་བྱས་ཏེ། གཞུང་གཉེར་སློབ་གྲྭར་གཏོང་བཅུག་གི་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭ་ཟེར་བ་ཞིག་རྩ་བ་ཉིད་ནས་མེད་པ་བཟོས་ཏེ་སྒོ་བརྒྱབ་བཅུག་ཡོད་པ་སོགས། ཕངས་སེམས་དང་བཅས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ནང་གི་དགོན་པ་ཁག་གི་སློབ་གྲྭ་སྒོ་བརྒྱབ་སྐབས། གཙོ་བོ་ནར་མ་སོན་པའི་བྱིས་པའི་འོས་འགན་སློབ་གསོ་མྱོང་དགོས་པར་ཁ་གཡར་བཞིན་ཡོད་པ་དང་། ཡང་གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་ཕ་མ་དང་བྱིས་པ་སུ་ཡིན་ཡང་དགོན་པའི་སློབ་གྲྭའི་ནང་དུ་སློབ་གསོ་མྱོང་རྒྱུའི་འདོད་མོས་བཞིན། ད་བར་སློབ་གྲྭ་འདིར་ཡོང་བའི་སློབ་ཕྲུག་ཚང་མ་རང་གི་འདོད་མོས་བཞིན་སློབ་གསོ་མྱོང་ཆེད་ཡོང་བ་ལས། དགོན་པའི་ངོས་ནས་བཙན་ཐབས་ཀྱིས་ཁྲིད་ཡོང་བ་གཅིག་ཀྱང་མེད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལྟ་བུར་མཚོན་ན་དགོན་པའི་སློབ་གྲྭར་སློབ་ཕྲུག་མང་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དགོན་པའི་སློབ་གྲྭ་དེ་དག་མིག་ནང་གི་ཚེར་མ་ལྟ་བུ་ལས་སློབ་གསོ་མྱོང་ས་ཞིག་ཏུ་རྩ་ནས་ངོས་འཛིན་མི་བྱེད་པ་མ་ཟད། སློབ་ཕྲུག་དང་ཁྱིམ་བདག་ཕ་མ་ཚོར་རང་གི་འདོད་མོས་བཞིན་སློབ་གསོ་མྱོང་རྒྱུའི་གོ་སྐབས་ཙམ་ཡང་མེད་པ་དང་། རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོར་རྒྱ་ཡིག་ཁོ་ན་སློབ་ཁྲིད་བྱས་ཏེ་ཡོད་པ་སོགས། རྒྱ་ནག་གཞུང་གིས་གཞུང་གཉེར་སློབ་གྲྭར་བཏང་བའི་གྲྭ་བ་ལོ་ཆུང་ཚོར་འགྲེམས་སྤེལ་བྱས་པའི་སློབ་དེབ་ཀྱི་བརྙན་དང་བཅས་ངོ་སྤྲོད་གནང་བྱུང་།
མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕྱི་ལོ་ ༡༩༨༦ ལོ་ནས་བཟུང་ལོ་ཆུང་གྲྭ་གཞོན་ཚོར་ཆེད་དམིགས་ཀྱིས། གཞུང་ཆེན་ཁག་ལ་སློབ་གཉེར་མ་གནང་གོང་རིག་གནས་ཆེད་སྦྱོང་གི་སློབ་འཁྲིད་ཆེད་ཟུར་ཚོགས་ལྟ་བུ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གྲྭ་ཞེས་ལོ་ཆུང་གྲྭ་བ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་འགོ་བཙུགས་ཡོད་ན་ཡང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབས་བཅུག་ཡོད་པ་དང་། ཕྱིས་སུ་བསྐྱར་དུ་སྟག་ཚང་ལྷ་མོ་ཀིརྟི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཞེས་འཚོགས་བཅུག་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་སློབ་གྲྭ་ཚོགས་མི་ཆོག་པའི་བཀོད་ཁྱབ་དང་། ཕྱི་ཟླ་ ༩ ནས་བཟུང་སློབ་ཕྲུག་ ༣༠༠ ལྷག་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་བཅུག་སྟེ། སློབ་ཕྲུག་གི་ཁྱིམ་བདག་ཚོར་བུ་ཕྲུག་གཞུང་གཉེར་སློབ་གྲྭར་སྐྱེལ་ནས་འོས་འགན་སློབ་གསོ་མྱོང་བཅུག་པ་ལས། བུ་ཕྲུག་ནར་མ་སོན་བར་དུ་དགོན་པར་གཏོང་མི་ཆོག་པའི་ཁས་ལེན་ཡི་གེ་འབྲི་བཅུག་སྟེ་མཚན་རྟགས་བསྐྱོན་བཅུག་པ་སོགས་བྱས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།