ཨ་རིའི་(LinkedIn)་ཞེས་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག

2021-10-19
Share
ཨ་རིའི་(LinkedIn)་ཞེས་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག ཨ་རིའི་(LinkedIn)་ཞེས་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་རྒྱ་ནག་ནས་ཕྱིར་འཐེན་ཐད་མཚོན་དོན་རི་མོ།
RFA

ཨ་རིའི་(LinkedIn)་ཞེས་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་རྒྱ་ནག་ནང་བཀོལ་སྤྱོད་བྱེད་རྒྱུ་མེད་པ་བཟོས་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པར་རྒྱ་ནག་གི་སྤྱི་ཚོགས་ཁྲོད་གླེང་སློང་འདྲ་མིན་ཡོང་བཞིན་འདུག
རང་དབང་ཨ་རིའི་(microsoft)་ཆ་འཕྲིན་ལག་རྩལ་ཁེ་གཉེར་ཁང་གིས་ཁོང་ཚོའི་(Linkedln)་ཞེས་པའི་སྤྱི་ཚོགས་དྲ་འབྲེལ་དྲ་བ་དེ་ལོ་ངོ་བདུན་ཙམ་གྱི་རྗེས་རྒྱ་ནག་གི་དྲ་ལམ་བསུན་གཙེར་དམ་དྲག་སོགས་རྒྱུ་རྐྱེན་ཁག་ཅིག་ལ་བརྟེན་རྒྱ་ནག་ནང་བཀོལ་སྤྱོད་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་ཉིན་ཤས་གོང་བསྒྲགས་ཡོད་པ་རེད། དེ་ནི་ཕྱི་ཕྱོགས་ནས་དར་བ་དང་རྒྱ་ནག་ནང་བེད་སྤྱོད་ཐུབ་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་གཅིག་པོ་དེ་ཡིན་པ་དང་། རྒྱ་ནག་ནང་ཕྱི་ཕྱོགས་ཀྱི་ངོ་དེབ་དང་དྲ་རྒྱ་སོགས་དེ་སྔ་ནས་བེད་སྤྱོད་ཐུབ་ཀྱི་མེད་པ་རེད། འདས་བའི་ལོ་ངོ་བདུན་ཙམ་ནང་འཛམ་གླིང་སྤྱི་དང་རྒྱ་ནག་གི་ནང་(Linkedln)་སྤྱི་ཚོགས་དྲ་བ་དེ་བཀོལ་སྤྱོད་བྱེད་མཁན་མང་བ་དང་། དེ་བེད་སྤྱད་ནས་ལས་གནས་འཚོལ་མཁན་མང་པོ་ཡོད་པ་དེ་ནི་རང་གི་སློབ་སྦྱོང་དང་ལས་གནས་ཀྱི་གོ་སྐབས་འཚོལ་བྱེད་ཀྱི་ཆ་རྐྱེན་གལ་ཆེ་ཞིག་ཀྱང་ཡིན་པ་ལོ་ན་༣༢་ལ་སོན་པའི་(Jason Liu)་ཡིས་འགྲེལ་བརྗོད་བྱས་འདུག
(Jason Liu)་ཡིས་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་ནང་འཕྲུལ་ཐབས་བཟོ་ཚོང་ལས་ཁང་ཞིག་གི་ནང་ལས་ཀ་བྱེད་བཞིན་པ་དང་། ཁོང་གིས་ད་བར་(Linkedln)་དྲ་བ་བེད་སྤྱོད་བྱས་ནས་ཁེ་ཕན་མང་པོ་བྱུང་ལུགས་བརྗོད་ནས་ད་ཆ་(Linkedln)་དྲ་བ་བེད་སྤྱོད་གཏོང་རྒྱུ་འདི་ལོའི་ལོ་མཇུག་ནས་རྒྱ་ནག་ནང་མེད་པ་ཆགས་རྒྱུ་ཡིན་པར་བློ་ཕམ་བྱུང་ཚུལ་བརྗོད་འདུག
རང་དབང་ཁང་པའི་རྒྱ་ནག་དང་ཧོང་ཀོང་ཐེ་ཝན་བཅས་ཀྱི་ལས་དོན་སྡེ་ཚན་གྱི་འགོ་འཛིན་(Sarah Cook)་ཞུ་བས། རྒྱ་ནག་ནང་རྒྱ་ནག་དམར་པོའི་གཞུང་གི་དམ་དྲག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཚོར་དཀའ་ངལ་མང་པོ་འཕྲད་བཞིན་པ་ལྟར་ད་ཆ་རྒྱ་ནག་ནང་གི་བཟོ་ཚོང་ལས་ཁང་དེ་ཚོ་ལའང་ཕྱོགས་འདྲ་བའི་དཀའ་འཕྲད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག
དེ་སྔ་ཨ་རིའི་གསར་འགོད་པ་ཁ་ཤས་ཀྱིས། (Microsoft)་འཕྲུལ་ལས་བཟོ་ཚོང་ཁང་གིས་དྲ་རྒྱ་ཁག་རྒྱ་ནག་གི་དབང་འཛིན་པ་ཚོས་མི་མང་ལ་ཞིབ་བཤེར་དང་སྟངས་འཛིན་ཆེད་བེད་སྤྱོད་ལོག་པ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་ནང་(Linkedln)་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་༥༤་ཙམ་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།
བར་ལམ་ཞིག་ནས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་དྲྭ་རྒྱ་དང་ཆ་འཕྲིན་མང་པོ་ཞིག་ལ་དོ་དམ་བྱས་ཏེ། གང་བྱུང་བཀོལ་སྤྱོད་བྱ་མི་ཆོག་པ་རྒྱ་ནག་གཞུང་གིས་སྒྲིག་གཞི་དང་དམ་དྲག་མང་པོ་བཟོས་ཡོད་པར་བརྟེན། ད་ཆ་གྷུ་གྷལ་(Google)་གྱིས་ཀྱང་དྲྭ་འཕྲིན་སྡེ་ཚན་མང་པོ་ཞིག་རྒྱ་ནག་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།