བལ་པོའི་གཞུང་ནས་གློ་སྨོན་ཐང་དུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ཤིག་དངོས་སུ་དབུ་འབྱེད་གནང་ཡོད་པ་དེས་བལ་བོད་ས་མཚམས་བརྒྱུད་བོད་དུ་འགྲོ་སྐྱོད་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད་འདུག

2024.11.01
བལ་པོའི་གཞུང་ནས་གློ་སྨོན་ཐང་དུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ཤིག་དངོས་སུ་དབུ་འབྱེད་གནང་ཡོད་པ་དེས་བལ་བོད་ས་མཚམས་བརྒྱུད་བོད་དུ་འགྲོ་སྐྱོད་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད་འདུག གློ་སྨོན་ཐང་དུ་ཕྱི་མི་ཞིབ་བཤེར་ལས་ཁུངས་དབུ་འབྱེད་སྐབས། ༢༠༢༤།༡༠།༣༠ ཉིན།
མི་སེར་གྱི་འདྲ་པར།

གློ་སྨོན་ཐང་ས་གནས་སྲིད་གཞུང་གིས། ཕྱི་མི་ཞིབ་བཤེར་ལས་ཁུངས་དེ་རིང་མིན་ཟླ་ ༡༠ པའི་གཟའ་འཁོར་གཉིས་པའི་ནང་འཁེལ་རྒྱུའི་ (Dashain) དུས་ཆེན་གྱི་སྔོན་ལ་སྒོ་འབྱེད་བྱེད་འཆར་ཡོད་ལུགས་བརྗོད་ཡོད་པ་ལྟར། འདི་ཚེས་ ༣༠ ཉིན་བལ་པོའི་གཞུང་ནས་བོད་དང་ས་མཚམས་འདབ་འབྲེལ་གློ་སྨོན་ཐང་ས་ཁུལ་གྱི་ (Korala) ས་མཚམས་སུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ཤིག་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ར་མེཤ་ལེ་ཁཱག་དབུ་ཞུགས་ཀྱིས་འཛུགས་བསྐྲུན་སྒོ་འབྱེད་བྱས་ཡོད་པ་དང་། བོད་དང་བལ་ཡུལ་ས་མཚམས་དེའི་བོད་ཕྱོགས་ཀྱི་ས་ཁུལ་དུ་ལོ་ལྟར་ཁྲོམ་ར་ཐེངས་གཉིས་ཙམ་ཚོགས་ཀྱི་ཡོད་པ་དེའི་སྐབས་ཡུལ་གྲུ་གཉིས་ཀྱི་མི་མང་ཚོས་དགོས་མཁོ་ཆེ་བའི་དངོས་ཆས་ཕྱིར་ཚོང་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། ད་ལན་བལ་ཡུལ་གྱི་ནང་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་གསར་པ་འགོ་འབྱེད་བྱས་པའི་མཛད་སྒོའི་ཐོག་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ར་མེཤ་ལེ་ཁཱག་གིས་གློ་མོན་ཐང་དུ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་གསར་བཙུགས་བྱས་པ་དེས་བལ་ཡུལ་གྱི་རྒྱ་ནག་དང་འབྲེལ་བ་དམ་ཟབ་ཡོང་རྒྱུར་རེ་བ་ཆེན་པོ་ཡོད་ཅེས་བརྗོད་འདུག་པ་མ་ཟད། གནས་སྤོའི་མཐུན་རྐྱེན་དེས་མི་སེར་གྱི་འགྲོ་འོང་སྟབས་བདེ་རུ་གཏོང་བ་དང་ཕྱོགས་གཉིས་ཀྱི་ཚོང་དོན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གི་ཕྱོགས་ནས་ (Korala) ས་མཚམས་ཀྱི་བོད་ཕྱོགས་སུ་དེ་སྔ་ལོ་གཉིས་ཙམ་གྱི་སྔོན་ནས་དགོས་ངེས་ཀྱི་རྟེན་གཞི་ཁག་འཛུགས་སྐྲུན་བྱས་ཟིན་ཡོད་པ། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (HURON) ལས་བྱེད་བཟང་པོ་ལགས་ཀྱིས་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་བལ་པོའི་གཞུང་ནས་གློ་སྨོན་ཐང་དུ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་གསར་འཛུགས་ཀྱི་ས་ཚིགས་སུ་ཁང་ཆུང་ ༡༠ དང་ས་མཚམས་སུ་བདེ་འཇགས་ས་ཚིགས། གློག་དང་ཁ་པར། དེ་བཞིན་བལ་ཡུལ་དབུས་གཞུང་གི་བརྒྱུད་གཏོང་མཐུན་རྐྱེན་སྦྱར་ཡོད་པ་རེད་འདུག་ལ། རྒྱ་ནག་ཕྱོགས་ནས་ཀྱང་ (Korala) ས་མཚམས་ཀྱི་བོད་ཕྱོགས་སུ་ལས་བྱེད་པ་འདུག་སའི་ཐོག་ཁང་དང་། བདེ་འཇགས་ཞིབ་བཤེར་ས་ཚུགས། མཛོད་ཁང་། དེ་བཞིན་ཉེན་རྟོག་པའི་ས་ཚུགས་དང་དམག་སྒར་སོགས་འཛུགས་བསྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཟིན་ཡོད་པ་རེད་འདུག

གློ་སྨོན་ཐང་ས་མཚམས་ཁུལ་དུ་ཕྱི་མི་ཞིབ་བཤེར་ལས་ཁུངས་གསར་འཛུགས་བྱས་ཡོད་པ་དེས། དེ་སྔ་བློ་སྨོན་ཐང་ཡུལ་མི་ཁོ་ན་ཚོང་ལས་ཀྱི་དགོས་མཁོའི་ཆེད་ Korala ས་མཚམས་བརྒལ་ཆོག་ཀྱང་། ད་ཆ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་གསར་པ་དེས་བལ་པོའི་མི་སེར་ཡོད་དོ་ཅོག་ལ་ས་མཚམས་བརྒལ་ཏེ་འགྲོ་རྒྱུ་སྟབས་བདེ་བཟོས་ཡོད་པ་རེད་འདུག

unnamed (5).jpg
གློ་སྨོན་ཐང་དུ་ཕྱི་མི་ཞིབ་བཤེར་ལས་ཁུངས་དབུ་འབྱེད་སྐབས། ༢༠༢༤།༡༠།༣༠ ཉིན།

ཡང་མིང་འབོད་འདོད་མེད་པའི་གློ་སྨོན་ཐང་གནས་སྡོད་ཡུལ་མི་ཞིག་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ད་ཆ་གཞུང་འབྲེལ་གྱིས་སྒོ་ནས་གློ་སྨོན་ཐང་དུ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་སྒོ་ཕྱེས་ཡོད་ཀྱང་། ལས་དོན་དངོས་སུ་སྒོ་ཚུགས་མེད། མ་འོངས་བལ་ཡུལ་གནས་སྡོད་མི་རྣམས་ནས་མཐོང་མཆན་ཞུས་ཏེ་བོད་ནང་བསྐྱོད་ཆོག་པ་དང་། རྒྱ་རིགས་རྣམས་རྒྱ་ནག་ནས་ས་མཚམས་བརྒྱུད་བལ་ཡུལ་ནང་བསྐྱོད་ཆོག་པ་སོགས་ཕར་འགྲོ་ཚུར་འོང་སྟབས་བདེ་བཟོས་ཡོད་པ་དེས། ཚོང་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པས་ཡུལ་མི་རྣམས་ནས་དགའ་སྤྲོའི་རྣམ་པ་ཤུགས་ཆེ་བསྟན་གྱི་ཡོད་ཅིང་། ས་མཚམས་དེའི་བརྒྱུད་རྒྱ་གར་ནས་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་བསྐྱོད་ཡང་ཐུབ་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བལ་ཡུལ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་གཞི་དང་འབྲེལ་བའི་ལས་ཁུངས་ནས། ཕྱི་རྒྱལ་ཡུལ་མི་གང་ཞིག་བློ་སྨོན་ཐང་ཁུལ་དུ་འགྲོ་དགོས་ཚེ། བློ་སྨོན་ཐང་གི་གནའ་བོའི་རིག་གཞུང་ལ་ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་མི་སླེབས་ཆེད་དང་བློ་སྨོན་ཐང་གི་ཁོར་ཡུག་སྲུང་སྐྱོབ་ཆེད། དམིགས་བསལ་ཆོག་མཆན་དང་ལམ་སྟོན་མཁན་ཞིག་མཉམ་དུ་ཁྲིད་དགོས་པའི་ཆ་རྐྱེན་བཟོས་ཡོད་པ་རེད་འདུག

མཐོ་ཚད་མི་ཊར་ ༤༦༥༠ ལ་ཡོད་པའི་ཀོ་ར་ལ་ས་མཚམས་དེ་བཞིན་སྔ་ལོའི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་མུས་ཏང་རྫོང་གི་འགོ་འཁྲིད་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དཔོན་རིགས་ཤིག་གིས་མཉམ་སྦྲེལ་མཛད་སྒོའི་ཐོག་ནས་དབུ་འབྱེད་བྱས་ཡོད་པ་དང་ས་མཚམས་དེ་ཚོང་དོན་བྱེད་སྒོ་རྒྱ་སྐྱེད་གཏོང་རྒྱུུ་དེ་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཚོང་ལམ་གཉིས་པོ་མཐུད་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོམས་པ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག

རྩ་བའི་བལ་པོ་རྒྱལ་ཁབ་ཀྱི་ནང་བོད་དང་འདབས་འབྲེལ་ས་གནས་ཡོལ་མོ་དང་ཙུམ། ཝ་ལུང་། དོལ་པོ་དང་། གླེ་མི། ཤར་ཁུམ་བུ་དང་། གློ་སྨོན་ཐང་སོགས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག གོམས་གཤིས་དང་མི་རིགས་ཀྱི་ངོ་བོ་བཅས་གཅིག་མཚུངས་ཡིན་ཞིང་། གློ་སྨོན་ཐང་གི་ལྷོ་ཕྱོགས་ས་ཁུལ་ཐག་ཟེར་བ་ནི། ཐ་ཀཱ་ལི་མི་རིགས་ཏེ། བོད་སྐད་དང་བལ་པོའི་སྐད་མཉམ་བསྲེས་བེད་སྤྱད་མཁན་ཡིན་ཞིང་། ས་མཚམས་དེ་བཞིན་བོད་གཞིས་ཀ་རྩེ་དང་ཧ་ཅང་ཐག་ཉེ་བ་ཡིན། དམིགས་བསལ་གློ་སྨོན་ཐང་ནི་ཕྱི་ལོ་ ༡༩༦༠ ནང་བོད་མི་ཚོས་བཙན་རྒོལ་རྒྱལ་སྐྱོབ་གནང་ཆེད། གློ་དམག་སྒར་ཆེད་འཛུགས་གནང་ཡུལ་གྱི་ས་གནས་ལྟེ་བ་དེ་ཡང་ཆགས་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎