རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་རྩྭ་མཆོག་གྲོང་ནས་སངས་རྒྱས་བཅོམ་ལྡན་འདས་མཆོག་ལ་ཆེ་བསྟོད་གནང་།

2021-10-20
Share
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་རྩྭ་མཆོག་གྲོང་ནས་སངས་རྒྱས་བཅོམ་ལྡན་འདས་མཆོག་ལ་ཆེ་བསྟོད་གནང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་རྩྭ་མཆོག་གྲོང་དུ། ༡༠།༢༠།༢༡
@narendramodi

སངས་རྒྱས་བཅོམ་ལྡན་འདས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་དུ། དགོངས་པ་མྱ་ངན་ལས་འདས་པའི་གནས་ཁྱད་པར་ཅན་རྩྭ་མཆོག་གྲོང་དུ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ་འབར་མའི་སྲོལ་གྱི་ལྷ་བབ་དུས་ཆེན་ལ་མངོན་པའི་སྡེ་སྣོད་ཀྱི་ཉི་མ་སྲུང་བརྩི་དང་འབྲེལ་མཛད་སྒོ་ཞིག སྤྱི་ཟླ་༡༠་པའི་ཚེས་༢༠་ཉིན་ཚོགས་པའི་སར་རྒྱ་གར་གྱི་སྲིད་བློན་ནཱ་རེནྟྲཱ་མོ་དྷི་(Narendra Modi)་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས། དེར་འདུས་ནང་པའི་ཆོས་བརྒྱུད་འདྲ་མིན་གྱི་དགེ་འདུན་པ་དང་བཙུན་མ། མཁས་པ་དང་མཐོ་རིམ་དཔོན་རིགས་ཚོགས་སར། ནང་པ་ཚོས་འཛམ་གླིང་ཁྱོན་དུ་ནང་བའི་བསྟན་པ་ཁྱབ་སྤེལ་གྱི་རླབས་ཆེན་མཛད་འཕྲིན་ལ་བསྔགས་བརྗོད་དང་འབྲེལ། སངས་རྒྱས་ཀྱི་བཀའ་གསུང་ནི་ཧ་ཅང་ལྷད་མེད་པ་དང་བྱིན་རླབས་ནུས་མཐུ་ལྡན་པ། གདུལ་བྱ་རྣམས་ཀྱིས་དེང་རབས་ཀྱི་དུས་སུའང་ཉམས་ལེན་གྱིས་མི་ཚེ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཅིང་། ས་གང་དུ་ཡིན་ན་སངས་རྒྱས་ཀྱི་བཀའ་གསུང་གི་ཡོན་ཏན་གྱི་རྗེས་སུ་ཡག་པོ་འཇུག་མཁན་ཚོར། དཀའ་ངལ་ཅི་འཕྲད་རང་བཞིན་གྱིས་སེལ་འགྲོ་བཞིན་པ་ཞིག་ཡོང་དོན་ནི། སངས་རྒྱས་ཀྱིས་སོ་སོ་རང་གི་ནང་སེམས་ལ་འགྱུར་བ་བཏང་དགོས་པ་གསུང་གི་ཡོད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ནི་རང་འཁྲིའི་འགན་ཁུར་སྤྱི་དང་ཁྱད་པར་རང་གི་མཐའ་འཁོར་གྱི་གནས་ཚུལ་ཅི་རིགས་ལ་འགན་ཡག་པོ་ལེན་དགོས་པ། སངས་རྒྱས་ཞལ་བཞུགས་སྐབས་ད་ལྟ་ང་ཚོ་ལ་ཡོད་པའི་མཐུན་རྐྱེན་མི་འཛོམས་ཀྱང་། ཁོང་གི་བཀའ་གསུང་ནི་དེང་སང་གི་མི་མང་བྱེ་བ་མང་པོར་ཁྱབ་ཐུབ་ཡོད་པར་མ་ཟད། ཁོང་གི་དགོངས་པ་ཡིས་འཛམ་གླིང་གང་སའི་མི་ཚོའི་མི་ཚེ་ལ་འགྱུར་བ་ཐེབས་ཡོད་ཅེས་དང་། སངས་རྒྱས་ཀྱིས་གསུང་བའི་ཆོས་ནི། འཛམ་གླིང་སྤྱི་དང་འགྲོ་བ་མི་ཀུན་ལ་ཁྱབ་པ་ཞིག་ཡིན་པས། དེ་རིང་ང་ཚོ་སངས་རྒྱས་མྱ་ངན་ལས་འདས་པའི་གནས་འདིར་འཛོམས་ཐུབ་པ་ནི། ང་ཚོའི་གནའ་རབས་ཀྱི་འབྲེལ་ལམ་བསྐྱར་གསོའི་ཉི་མ་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཤྲིལིངྐ་སོགས་ཡུལ་ལུང་གང་ས་ནས་ཕེབས་པ་རྣམས་ལ་དགའ་བསུ་དང་། ཁྱེད་རྣམ་པས་ང་ཚོར་བྱིན་རླབས་སྩལ་བྱུང་ཞེས་གཏམ་བཤད་གནང་ཡོད།
ཡང་སྐབས་དེར་རྒྱ་གར་དབུས་གཞུང་གི་ཁྲིམས་ལུགས་བློན་ཆེན་(Kiren Rijiju)་
ལགས་ནས། ཁོ་རང་ནང་པའི་རྗེས་འཇུག་སུ་ལ་ཐུག་ན་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་གྱི་གོ་འཕང་མངོན་དུ་མཛད་ས། རྒྱ་གར་དུ་གནས་མཇལ་ཐེངས་ཤིག་གནང་རྒྱུའི་ཐུགས་འདུན་གནང་གི་འདུག་པ་དང་། བཀྲ་ཤིས་པའི་ཉིན་མོ་འདིར་ང་རང་གིས་ཁྱེད་ཚོ་དང་མཉམ་དུ། མཇལ་སྐོར་དང་སངས་རྒྱས་བཅོམ་ལྡན་འདས་ལ་གུས་ཕྱག་འབུལ་རྒྱུའི་བསྐལ་བ་ལྡན་པར་ཧ་ཅང་དགའ་སྤྲོ་བྱུང་། ལྷག་པར་ནང་པའི་ཡུལ་ལུང་འདྲ་མིན་གྱི་དགེ་འདུན་པ་ཚོར་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བར། ང་རང་ཤིན་ཏུ་བསོད་ནམས་ཆེན་པོར་ཚོར་གྱི་ཡོད་ཅེས་གསུང་བཤད་གནང་ཡོད་པ་རེད།
ལྷ་བབ་དུས་ཆེན་དུ་མངོན་པའི་སྡེ་སྣོད་ཀྱི་དུས་དྲན་སྲུང་བརྩིའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེར། ཤྲི་ལིངྐ་དང་ཐེ་ལཎྜི། འབར་མ་དང་ལྷོ་ཀོ་རི་ཡ། བལ་ཡུལ་དང་འབྲུག ཀམྤོ་ཌི་ཡ་སོགས་ཀྱི་དགེ་འདུན་པ་མང་པོ་ཕེབས་ཡོད་པ་མ་ཟད། ནང་པའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་གཞུང་ཚབ་པའང་ལྷན་ཞུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་རྒྱ་གར་དུ་སྤྱི་ལོ་༢༠༡༡་ལོར་གནང་བའི་ཐོག འཛམ་གླིང་གི་ཡུལ་ལུང་གང་ས་ནས་ནང་པའི་སྐུ་ཚབ་སེར་སྐྱ་ཕོ་མོ་བརྒྱད་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།