རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག

2024.12.02
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
AP

༢༠༢༥ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ནང་སྙན་ཞུ་འབུལ་མཁན་ས་ཡ་གསུམ་དང་འབུམ་བཞི་ལྷག་ཡོད་པ་ནི་སྔར་བྱུང་མྱོང་མེད་པའི་མང་ཤོས་བྱུང་ཡོད་པ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ནི་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཀྱི་ས་ཁུལ་དེར་གྱུར་ཡོད་སྐོར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གི་༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་ཕྱི་ཟླ་༡༢པའི་ཚེས་༡ནས་༢བར་བླངས་ཡོད་པ་དང་། ད་ལོའི་གཞུང་ཞབས་པའི་ཡིག་རྒྱུགས་ནང་སྙན་ཞུ་འབུལ་མཁན་ས་ཡ་གསུམ་དང་འབུམ་བཞི་ལྷག་ཡོད་པ་ནི་སྔར་བྱུང་མྱོང་མེད་པའི་མི་གྲངས་མང་ཤོས་དེར་གྱུར་ཡོད་འདུག ལྷག་པར་དུ་བོད་རང་སྐྱོང་ལྗོངས་ནི་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཀྱི་ས་ཁུལ་དེར་གྱུར་ཡོད་སྐོར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་རེད། ཡིན་ནའང་དེ་དག་ལས་གཞུང་གི་ལས་ཁུངས་ཁག་ལ་ལས་གནས་སུམ་ཁྲི་དགུ་སྟོང་བདུན་བརྒྱ་ཉེར་གཅིག་མ་གཏོགས་མེད་པས་། རྒྱ་ནག་རྒྱལ་ཡོངས་སུ་གཞུང་ཞབས་པར་སྙན་ཞུ་རྒྱག་མཁན་གྱི་གྲངས་འབོར་དང་ལས་གནས་ཀྱི་བསྡུར་ཚད་༨༦དང་༡ ཡིན་ཞིང་། དེས་ཡིག་རྒྱུགས་ནང་སྙན་ཞུ་འབུལ་མཁན་༨༦གི་ནང་ནས་མི་གཅིག་ལ་མ་གཏོགས་ལས་གནས་ཐོབ་མེད་པ་མཚོན་ཡོད་པ་རེད། ལྷག་པར་དུ་ལས་གནས་ཀྱི་འགྲན་རྩོད་ཆེས་ཆེ་ཤོས་ཀྱི་ས་ཁུལ་དེ་བོད་རང་སྐྱོང་ལྗོངས་ཡིན་པ་དང་། དེ་གའི་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་བསྡུར་ཚད་༡༥༠ དང་༡ ལ་ཉེ་བ་ཡིན་ཞིང་། དེ་ཡིས་ལས་གནས་སྙན་ཞུ་རྒྱག་མཁན་༡༥༠འི་ནང་མི་གཅིག་ལ་མ་གཏོགས་ལས་གནས་ཐོབ་རྒྱུ་མིན་པ་མཚོན་འདུག

འབྲེལ་ཡོད་དབྱེ་ཞིབ་པས་བོད་ཁུལ་དུ་སློབ་ཆེན་ཁག་ནས་སློབ་མཐར་ཕྱིན་རྗེས་ལས་གནས་མ་ཐོབ་པར་ལུས་བསྡད་ཡོད་པའི་མི་གྲངས་མང་བའི་རྒྱུ་རྐྱེན་དང་རྒྱ་ནག་གི་མི་རིགས་དབྱེ་འབྱེད་ཅན་གྱི་སྲིད་ཇུས་ཀྱི་དབང་གིས་བོད་མིར་ཐོབ་ཐང་འདྲ་མཉམ་མེད་པ་མཚོན་ཡོད་པར་ངོས་འཛིན་གནང་གི་འདུག

རྒྱ་ནག་རྒྱལ་ཡོངས་གཞུང་ཞབས་ལས་ཁང་གི་གྲངས་ཐོ་ལྟར་ན། ད་ལོའི་གཞུང་ཞབས་བསྡུ་བའི་སྲིད་ཇུས་དེས་མུ་མཐུད་དུ་མཐར་ཕྱིན་སློབ་མ་གསར་པ་དང་གཞི་རིམ་གྱི་ལས་གནས་ལ་ཕན་ཐོགས་ཡོད་ཅིང་། དེའི་ཁྲོད་དུ་ལས་གནས་ཉིས་ཁྲི་དྲུག་སྟོང་ལྷག་དམིགས་བསལ་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་གསར་པ་ཚོའི་ཆེད་དུ་ཡིན་པ་དང་། རྫོང་དང་ཆུའུ་རིམ་པ་དང་དེའི་མན་གྱི་གཞི་རིམ་ལས་ཁུངས་ལ་ལས་གནས་༢༧༥༠༠ ཁ་སྣོན་བྱ་རྒྱུ་ཡིན་པས། ལས་གནས་རིགས་འདི་གཉིས་ཀྱིས་ལས་མི་བསྡུ་བའི་སྤྱིའི་འཆར་གཞིའི་བརྒྱ་ཆའི་༧༠ ལ་ཉེ་བ་ཟིན་ཡོད་སྐོར་དང་། ཡང་ཉེ་བའི་ལོ་ཤས་རིང་སློབ་ཐོན་གསར་པའི་སློབ་མ་བསྡུ་བའི་བསྡུར་ཚད་མུ་མཐུད་འཕར་ནས་༢༠༡༩ ལོའི་བརྒྱ་ཆའི་ ༣༩.༡༧ ནས་ད་ལྟའི་ཆར་བརྒྱ་ཆའི་ ༧༠ ཙམ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ཡིན་ནའང་བོད་རང་སྐྱོངས་ལྗོངས་ནི་རྒྱ་ནག་གི་ས་ཁུལ་གཞན་དག་ལས་ཀྱང་གནས་ལས་ཀྱི་འགྲན་རྩོད་ཆེ་ཤོས་སུ་གྱུར་དགོས་དོན་གང་ཡིན་ཐད་ འདི་ག་རླུང་འཕྲིན་ཁང་གིས་བོད་དང་རྒྱ་ནག་གི་སྐབས་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ལ་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་ལས་མེད་མི་གྲངས་འབོར་ཆེན་ཡོད་པ་གསལ་བོར་བསྟན་ཡོད་པ་དང་། གཞན་ཡང་ལས་གནས་སྙན་ཞུ་རྒྱག་སྐབས་བོད་མི་ཚོར་དམིགས་བསལ་ཆ་རྐྱེན་རིགས་བཏོན་ནས་ཤེས་ཚད་ཡོད་མེད་ལ་མ་བལྟོས་ལས་གནས་ཐོག་ཚད་བཀག་བཟོས་ཏེ་ཐོབ་ཐང་འདྲ་མཉམ་མེད་པ་སོཊ་ཀྱི་སྐོར་གསུངས་སོང་། དེ་བཞིན་དུ་བོད་རང་སྐྱོང་ལྗོངས་ནང་ལས་བྱེད་ཀྱི་ས་མིག་ཡོད་པའི་ཐོག་རྒྱ་ནག་ནང་ནས་རྒྱ་རིགས་སྙན་ཞུ་རྒྱག་མཁན་བྱུང་གི་ཡོད་པ་དེས་བོད་མིར་ལས་གནས་ཐོབ་རྒྱུའི་འགྲན་རྩོད་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་བོད་དང་རྒྱ་ནག་གི་སྐབས་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། རྡོ་རྗེ་མཚོ

རྩོམ་སྒྲིག་པ།རྡོ་རྗེ་དགྲ་འདུལ

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎