ངག་དབང་ལྷ་སྒྲོན་ལགས་སུ་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ནས་ལུས་རྩལ་སློབ་སྦྱོང་གི་གསེར་གྱི་རྟགས་མ་ཐོབ་འདུག

དེ་ཡང་ཟླ་གཉིས་པའི་ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་ཨིན་ཌི་ར་གྷན་དྷི་ལུས་རྩལ་སློབ་གསོ་དང་རྩེད་རིགས་བསྟི་གནས་ཁང་(Indira Gandhi Institute of Physical Education & Sports Sciences) གི་ལུས་རྩལ་སློབ་སྦྱོང་བསྟི་གནས་ཁང་ནས་བོད་རིགས་སློབ་མ་ངག་དབང་ལྷ་སྒྲོན་ལགས་ཀྱིས་ལུས་རྩལ་སློབ་སྦྱོང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་རྩེ་ཕུད་བླངས་ཏེ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོའི་ཐོག་གསེར་གྱི་རྟགས་མ་ཐོབ་པར་རྒྱ་གར་གྱི་དབུས་གཞུང་ཤེས་རིག་བློན་ཆེན་ (Dharmendra Pradhan) ལགས་ཀྱིས་མཛད་སྒོའི་ཐོག་ཁོ་མོར་གསེར་གྱི་རྟགས་མ་ཕུལ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་གནང་འདུག
ད་རེས་ཁོ་མོར་འདི་ལྟ་བུའི་ཆེ་བསྟོད་ཀྱི་རྟགས་མ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བའི་སྐབས། སྤྱིར་བཏང་མང་པོ་ཞིག་གིས་ལུས་རྩལ་ཟེར་དུས་རྩེད་རིགས་དང་ལུས་རྩལ་གཅིག་པུའི་ཐོག་ནས་སྦྱོང་བརྡར་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་པ་རེད། ཡིན་ནའང་ལུས་རྩལ་སྦྱོང་བརྡར་སྐབས་ལུས་སེམས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། གུས་མོར་རྟགས་མ་ཐོབ་པ་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན་སྟབས་གཟེངས་རྟགས་འདི་བཞིན་༧གོང་ས་མཆོག་གི་བོད་པའི་གཞོན་སྐྱེས་ཚོས་ལས་རིགས་འདྲ་མིན་ཐོག་གཟེངས་སུ་ཐོན་པ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་བ་ལྟར་བྱུང་ཡོད་པའི་རེ་བ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་ཁོང་གིས། བོད་པའི་གཞོན་སྐྱེས་ཚོས་སློབ་ཚན་ག་འདྲ་ཞིག་གི་ཐོག་སློབ་སྦྱོང་བྱས་ཀྱང་དེའི་ཐོག་བློ་རྩེ་གཅིག་ཏུ་སྒྲིམ་ནས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་ལའང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
ངག་དབང་ལྷ་སྒྲོན་ལགས་ནི། ལ་དྭགས་བསོད་ནམ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ལ་དྭགས་བོད་ཁྱིམ་ནས་སློབ་གཉེར་གནང་རྗེས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ནས་ཚན་རིག་སྡེ་ཚན་ཐོག་འཛིན་རིམ་བཅུ་གཉིས་ཐོན་ཡོད། དེ་ནས་ཨམ་ར་ཝ་ཏི་ནས་ལུས་རྩལ་སློབ་སྦྱོང་དང་རྩེད་རིགས་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་རྗེས་ཨིན་ཌི་ར་གྷན་དྷི་ལུས་རྩལ་སློབ་གསོ་དང་རྩེད་རིགས་བསྟི་གནས་ཁང་ནས་ལུས་རྩལ་སློབ་གསོའི་ཉེ་བའི་གཙུག་ལག་རབ་འབྱམས་པ་བཅས་ཀྱི་སློབ་སྦྱོང་གནང་ཡོད།
ཁོང་མོ་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།