བོད་ཀྱི་གནད་དོན་དེ་བཞིན་གྲོས་མོལ་གྱི་ལམ་ནས་སེལ་དགོས། རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ཞིག་གིས།

2022-01-06
Share
བོད་ཀྱི་གནད་དོན་དེ་བཞིན་གྲོས་མོལ་གྱི་ལམ་ནས་སེལ་དགོས། རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ཞིག་གིས། རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ལྕམ་(Nirupama Rao)་ལགས།
AP

ཕྱི་ཟླ་༡་ཚེས་༣་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ལྕམ་(Nirupama Rao)་ལགས་སུ་དྲ་ལམ་བརྒྱུད་བཅར་འདྲི་ཞུས་སྐབས། ལྕམ་ནིརུཔམ་རའོ་ལགས་ཀྱིས་རྒྱ་ནག་དང་བཙན་བྱོལ་དུ་ཡོད་པའི་བོད་མིའི་བར་གྱི་དཀའ་རྙོག་དེ་གྲོས་མོལ་ཁོ་ན་བརྒྱུད་ནས་སེལ་ཐབས་བྱ་དགོས་པ་ལས། ཕྱོགས་གཉིས་བར་གྲོས་མོལ་འདུམ་འགྲིག་གི་འགོག་རྐྱེན་བར་ཆད་བཟོ་རྐྱེན་གྱུར་ན་ཡག་པོ་ཞིག་མཐོང་གི་མི་འདུག་ཅེས་དང་། རྒྱ་ནག་དེ་ཉིད་ནུས་སྟོབས་དང་། ཆ་རྐྱེན་ལྡན་མཁན་ཞིག་ཡིན་པའི་ཆ་ནས་བོད་མི་ཚོས་རྒྱུན་རིང་པོར་འཐབ་རྩོད་བྱེད་བཞིན་པའི་མངོན་འདོད་ལ་བསམ་ཤེས་དང་འགྲིག་འཇགས་ཡོང་ཐབས། མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྒོ་ནས་འདུམ་འགྲིག་གི་ཕྱོགས་སུ་གོམ་སྟབས་སྤོ་དགོས་པ་རེད་ཅེས་དང་། ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བར་ཡིད་ཆེས་ཀྱི་ཚད་གཞི་དམའ་ཤོས་སུ་སླེབས་ཡོད་པ་གསུངས་ཡོད་པ་རེད།
ཁོང་གིས་ད་དུང་། བོད་ལ་རང་བཙན་གྱི་གནས་བབ་ཞིག་ཕྱོགས་གང་འདྲ་ཞིག་གི་ཐོག་ནས་ཀྱང་ཡོང་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་ལ། རྒྱ་ནག་གཞུང་འཛིན་གང་འདྲ་ཞིག་སླེབས་ཀྱང་དེར་མོས་མཐུན་ཉན་འཇོག་བྱེད་ཀྱི་རེད་དྲན་གྱི་མི་འདུག་ཅེས་གསུངས་བྱུང་།
ལྕམ་ནིརུ་པ་མ་རའོ་ལགས་ཀྱིས་༡༩༧༣་ནས་བཟུང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་གོ་གནས་འདྲ་མིན་ཐོག་ཕྱག་ལས་གནང་པ་དང་། ཤྲི་ལངྐར་རྒྱ་གར་གཞུང་ཚབ་པ་དང་། ༢༠༠༦་ནས་ ༢༠༠༩་བར་རྒྱ་ནག་པེ་ཅིན་དུ་རྒྱ་གར་གྱི་གཞུང་ཚབ་པའི་གོ་གནས་འཛིན་མཁན་བེུད་ཐོག་མ་དེ་ཡིན་པ་མ་ཟད། ༢༠༠༩་ནས་༢༠༡༡་བར་རྒྱ་གར་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་བ་དང་། དེ་ནས་༢༠༡༡་ལོ་ནས་ལོ་གཉིས་རིང་ཨ་རིའི་ནང་རྒྱ་གར་གཞུང་ཚབ་ཆེན་མོ་གནང་མྱོང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༩་ལོར་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་པའི་རྗེས། མཛད་འཕྲིན་ཐོག་མ་གཙོ་བོ་ཅིག་ནི། བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཟུར་འཛུགས་ཐོག་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་གལ་ཆེར་གཟིགས་ཏེ། སྲིད་བློན་ནེའུ་རུ་དང་ལྷན་བཀའ་བསྡུར་གནང་སྟེ། བོད་པའི་སློབ་གྲྭ་དང་བོད་མིའི་སྡོད་སྒར་ཟུར་འཛུགས་མཛད་ཡོད་པ་རེད།
རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཟུར་པ་ལྕམ་ནིརུ་པ་མ་རའོ་ལགས་ཀྱིས་གསུངས་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་དུ་འབྱོར་བའི་རྗེས། རྒྱ་གར་གཞུང་གིས་ཕྱོགས་གང་ཐད་མཐུན་འགྱུར་གང་ཡོང་ཞུས་ཏེ། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྒྱུད་འཛིན་བྱེད་ཐུབ་པ་བྱུང་ཐོག་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་བརྒྱུད་དུའང་ཁྱབ་འཕེལ་ཤུགས་ཆེ་བྱུང་ཡོད་ཅིང་། རྒྱ་གར་གཞུང་གིས་མུ་མཐུད་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ལ་ཞབས་འདེགས་ནུས་པ་ལྡན་པ་བསྒྲུབ་ཡོད་པ་བཞིན། རྒྱལ་སྤྱིའི་ནང་དུ་རྒྱ་གར་གཞུང་གི་ལས་དོན་ལ་ངོས་འཛིན་ཚུལ་བཞིན་བྱུང་ཡོད་མ་རེད། ཡིན་ན་ཡང་ཁོང་རྒྱ་གར་བ་ཞིག་ཡིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་བྱེད་རྒྱུར་ཤུགས་རྒྱག་དགོས་པ་འདི་གལ་ཆེན་པོ་གཟིགས་ཀྱི་འདུག་ཅེས་གསུངས་བྱུང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།