༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སོ་གཉིས་འཁོར་བའི་དུས་དྲན་གང་སར་སྲུང་བརྩི།

2021-12-10
Share
༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སོ་གཉིས་འཁོར་བའི་དུས་དྲན་གང་སར་སྲུང་བརྩི། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༣༢་འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐབས། ༡༢།༡༠།༢༡
RFA/Dhasa

བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་སྤྱི་ནོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༢་འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱི་ལོ་༡༩༨༩་ལོའི་སྤྱི་ཟླ་༡༢་ཚེས་༡༠་ཉིན། ནོ་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ད་བར་མི་ལོ་ཧྲིལ་པོ་༣༢་འཁོར་བའི་གཞུང་འབྲེལ་མཛད་སྒོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་བྱེད་ཚོ་སྲིད་སྐྱོང་ཚོགས་ཁང་དུ་ལྷན་འཛོམས་ཐོག་སྲུང་བརྩི་ཞུས་ཤིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དུས་དྲན་འདི་དང་བསྟུན་བཙན་བྱོལ་དུ་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དུས་ཆེན་གྱི་དགའ་སྟོན་ལ་རོལ་ཆོག་ནའང་། བོད་ནང་དུ་གཞིས་བཞུགས་སྤུན་ཟླ་ཚོར་༧གོང་ས་མཆོག་གིས་སྐུ་པར་ཉར་གཤོམ་གྱི་རང་དབང་ཙམ་ཡང་མེད་པའི་ཁར། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཙམ་ཡང་མེད་པས། བོད་མི་ཚོས་མུ་མཐུད་དུ་བོད་དོན་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་སོང་།
ཡང་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་་སྒྲོགས་སྦྱང་གནང་བའི་སྐབས། ༧གོང་ས་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་མཁན་རྣམས་དང་། རྒྱ་ཆེའི་མི་མང་བཅས་ཀྱིས་བསམ་ཚུལ་མི་མཐུན་པ་རྣམས་ལ་གྲོས་བསྡུར་སྦྱངས་བཤད་ཀྱི་ཐོག་ནས། ཐོབ་ཐང་ལས་ལས་འགན་གལ་ཆེ་བརྩེ་རྒྱུ་དང་། གང་ཟག་ལས་ཁྲིམས་སྒྲིག་གལ་ཆེར་བཟུང་སྟེ་ཡང་དག་པའི་མང་གཙོའི་ལམ་དུ་བསྐྱོད་དགོས་པ་ནི། ༧གོང་ས་མཆོག་གི་དགོངས་གཞི་ཡིན་པས་ཚང་མས་དེ་ལུགས་དམ་དོན་དགོས་པ་ནན་སྐུལ་གནང་སོང་།
གཞན་ཉིན་དེར་བཞུགས་སྒར་དུ་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པར་ཧི་མ་ལ་ཡའི་དུས་སྟོན་ཐེངས་༢༥་པ་དེ་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་ཚོགས་པ་དེ་ཉིད་ཀྱི་ཚོགས་གཙོ་སྐུ་ཞབས་(Ajit Nehra)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལོ་ལྟར་སྤྱི་ཟླ་༡༢་ཚེས་༡༠་ཉིན་ནི་ཧ་ཅང་གི་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན། ཉིན་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དེ་ནི་བོད་པ་དང་རྒྱ་གར་བ་ཙམ་མིན་པར། འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་དང་ལྷག་པར་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་རང་ཉིད་ཡིན་ནའང་། གདིང་སྤོབས་སྐྱེས་དགོས་པ་ཞིག་རེད། དེར་བརྟེན། ཚང་མས་མཉམ་རུབ་ཀྱིས་ཁོང་གི་ཐུགས་དགོངས་བཞིན་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ལོ་རེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་དབང་གིས། འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་ཆེ་བསྟེད་གཟེངས་རྟགས་དང་ཕྱག་འཁྱེར་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་ཡོད་པ་བཅས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གུས་བཀུར་ཆེ་ཤོས་ཞུ་ཡུལ་ཀྱི་རླབས་ཆེན་དབུ་འཁྲིད་ཅིག་ཏུ་ངོས་འཛིན་ཞུ་མུས་ཡིན་པ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་གནང་སོང་།
ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རང་དབང་རྩོད་ལེན་ཁྲོད་འཚེ་བའི་ལས་རྩོམ་རྒྱུར་མཐའ་གཅིག་ཏུ་དགག་ཆ་གནང་བ་ཙམ་དུ་མ་ཟད། རྒྱལ་སྤྱིའི་རྩོད་རྙོག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། གོ་ལའི་ཁོར་ཡུག་གི་དཀའ་ངལ་རྣམས་སེལ་ཆེད་དུ་བཟང་ཕྱོགས་དང་མདུན་བསྐྱོད་ཀྱི་ཐབས་ལམ་ཞིག་འདོན་གནང་མཛད་ཡོད་པའི་ངོས་འཛིན་གྱིས་གཟེངས་རྟགས་དེ་ཕུལ་ཡོད་པ་ཡོངས་གྲགས་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།