ཨ་རིས་སླར་ཡང་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག

2022.05.13
Share on WhatsApp
Share on WhatsApp
ཨ་རིས་སླར་ཡང་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག པན་ཆེན་སྐུ་ཕྲེང་བཅུ་བ་དང་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག
File Photo

ཨ་རིའི་གཞུང་ལ་ཆོས་དད་རང་དབང་ཐད་སློབ་སྟོན་ཕུལ་མཁན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་འདི་ཚེས་༡༣ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པ་སླར་ཡང་འབོད་སྐུལ་ཞུས་འདུག
གསལ་བསྒྲགས་ནང་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཁམས་གསལ་བཞུགས་ཡིན་པའི་བདེན་དཔང་མིག་སྟོན་བྱེད་དགོས་པ་དང་། རང་དབང་ཅན་གྱི་རྟོགས་ཞིབ་སྐུ་ཚབ་དང་མཇལ་འཕྲད་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་འདུག
དེ་ནི་དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་༡༠པའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས། ཕྱི་ཟླ་༥བའི་ཚེས་༡༧ཉིན། རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་ཏེ་་ད་བར་མི་ལོ་༢༧ཕྱིན་བའི་དུས་ཚིགས་ཀྱི་སྔོན་ལ་གསལ་བསྒྲགས་དེ་སྤེལ་བ་ཡིན་པ་རེད།
ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་(Nadine Maenza)་ལགས་ཀྱིས་གསལ་བསྒྲགས་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནམ་ཡང་བརྗེད་རྒྱུ་མིན་པ་དང་། དུས་ཚོད་རིང་ཐུང་གང་འདྲ་འགོར་མིན་ལ་མ་བལྟོས་པར། ཁོང་གློད་བཀྲོལ་མ་ཐོབ་པའི་བར་དུ་ཁོང་གི་གནད་དོན་ཐོག་ལ་དོ་སྣང་བྱེད་ཀྱི་ཡིན་ཞེས་གསུངས་པ་དང་མཉམ། པཎ་ཆེན་རིན་པོ་ཆེ་ནི་འཛམ་གླིང་ནང་དུས་ཡུན་རིང་ཤོས་བཀག་ཉར་བྱེད་བཞིན་པའི་ཆབ་སྲིད་ཀྱི་བཙོན་པ་ལོ་ན་ཆུང་ཤོས་ཞིག་ཡིན་པ་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཞོན་ན་རི་ཊར་ཀེལ་ལགས་ཀྱིས། ཤིན་ཅང་ནང་སྡུག་རྩུབ་ཅན་གྱི་དཔོན་རིགས་ཁྲིན་ཆོན་ཀོ་ལ་ཉེས་ཆད་བཀེལ་བ་བཞིན། རྒྱ་ནག་གཞུང་གི་དཔོན་རིགས་སུ་ཞིག་གིས་ཆོས་དད་རང་དབང་ལ་རྡོག་རོལ་དང་དོ་ཕོག་ཚབས་ཆེན་བཟོས་ན་དེ་ལ་ཉེས་ཆད་འགེལ་དགོས་པ་ཨ་རིའི་གཞུང་ལ་འབོད་སྐུལ་ཞུ་ཞོར། ཨ་རིའི་གཞུང་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་གི་འབྲུ་དོན་ཡོངས་སུ་ལག་བསྟར་བྱེད་དགོས་པ་དང་། མཐུན་ཕྱོགས་དང་མཉམ་ལས་བྱས་ནས་འགན་འཁྲི་ཡོད་པའི་རྒྱ་ནག་དཔོན་རིགས་ལ་འགེན་ལེན་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།