ཨ་མི་རི་ཀའི་རྒྱལ་ས་བར་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་གནང་བཞིན་འདུག

2021.05.24
Share on WhatsApp
Share on WhatsApp
ཨ་མི་རི་ཀའི་རྒྱལ་ས་བར་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་གནང་བཞིན་འདུག ཨ་མི་རི་ཀའི་རྒྱལ་ས་བར་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད། ༥།༢༣།༢༡
མཐུན་འགྱུར་པར་རིས། TW

བོད་མི་དྲུག་གིས་ཨ་མི་རི་ཀའི་རྒྱལ་ས་བར་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་གནང་བཞིན་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག
ཕྱི་ཚེས་༢༣་ཉིན་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པའི་ཉིན་མོ་ཡིན་པ་དང་། ཉིན་དེར་ཨ་རིའི་ནང་གནས་སྡོད་བོད་མི་དྲུག་གིས་དེ་ནི་བོད་རང་བཙན་ཤོར་ནས་ལོ་ངོ་༧༠ འཁོར་བ་དང་། རྒྱ་ནག་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པ་བཅས་ལ་ངོས་འཛིན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་དྲིལ་བསྒྲགས་ཆེད། ཨ་རིའི་མངའ་སྡེ་པེན་སིན་ཝེ་ནི་ཡའི་གྲོང་ཁྱེར་(Philadelphia)་ནང་ཡོད་པའི་ཨ་རིའི་རང་བཙན་དྲིལ་བུ་ཡོད་ས་ནས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་གྲོས་ཚོགས་ཁང་གི་མདུན་བར་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག
ལས་འགུལ་གོ་སྒྲིག་པའི་གྲས་བསྟན་འཛིན་དབང་འདུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ཚེས་༢༤་གོམ་བགྲོད་ཉིན་གཉིས་བ་ཡིན་པ་དང་། ཉིན་གཉིས་རིང་སྤྱི་ལེ་༤༥་ལྷག་གོམ་བགྲོད་གནང་ཟིན་བས། ཉིན་བཅུའི་ནང་སྤྱི་ཟླ་༦་པའི་ཚེས་༡་ཉིན་ཨ་རིའི་རྒྱལ་སར་འབྱོར་ཐབས་བྱེད་རྒྱུའི་འཆཪ་གཞི་ཡིན་ཅེས་དང་། སྤྱིར་བཏང་ད་ཐེངས་གོམ་བགྲོད་ལས་འགུལ་ལ་མཉམ་ཞུགས་པ་མི་བདུན་ཡོད་ཀྱང་། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པར་བརྟེན། ཁེ་ཎ་ཌར་གནས་སྡོད་སཱ་ནེ་བསོད་ནམས་ལགས་དུས་ཐོག་མཉམ་ཞུགས་མ་ཐུབ་པར་བརྟེན་ཁོང་གིས་ཁེ་ཎ་ཌ་དང་ཨ་རིའི་ས་མཚམས་ནས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་བྱེད་བཞིན་པ་དང་། ཨ་རིའི་རྒྱལ་ས་བར་གོམ་བགྲོད་གནང་མཁན་གྲས་སུ་བོད་དོན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལགས་དང་། ཐུབ་བསྟན་ཆོས་ཉིད་ལགས། བློ་བཟང་ཡེ་ཤེས་ལགས། སྤེན་པ་ཚེ་རིང་ལགས། མིག་དམར་སྒྲོལ་མ་ལགས་བཅས་མི་དྲུག་ཡོད་པ་ངོ་སྤྲོད་གནང་བྱུང་།
ད་ཐེངས་ཁོང་རྣམ་པའི་གོམ་བགྲོད་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི། རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱིས་ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་མི་ཤི་རྐྱེན་འདས་ཀྱི་དཀའ་ངལ་སྤྲོད་བཞིན་པ་འགན་ལེན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་དང་ཕྱོགས་གང་ནས་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་མགྲོན་བདག་བྱེད་རྒྱུ་ཡིན་པའི་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འོས་བབ་མེད་པ། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པར་ནམ་ཡང་ངོ་རྒོལ་ཡོད་པ། བོད་མིའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཡིན་འདུག

ཅད.jpg

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།