བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་འདུག

2021.11.18
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུའི་ཚོགས་ཞུགས་པ་རྣམ་པ།
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ། བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ཨེམ་པི་རིལ་(Imperial)་གསོལ་མགྲོན་ཁང་དུ་ཚོགས་ནས་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་མཇུག་བསྒྲིལ་ཡོད་པ་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་གཙོ་བོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། བདེ་སྲུང་ལས་ཁུངས། དེ་བཞིན་ཕྱི་དྲིལ་ལས་ཁུངས་གསུམ་མཉམ་རུབ་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་ཞིབ་མཇུག་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐེར་འདོན་བྱེད་རྒྱུ་ལ་སོགས་པ་གཙོས། བོད་དོན་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་དང་། ད་དུང་མ་འོངས་བོད་དོན་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཐབས་ཇུས་དང་ལམ་ཁ་གསར་པ་བཙལ་རྒྱུའི་ཐོག་བཀའ་བསྡུར་གནང་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ནང་གི་གནས་ཚུལ། རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་ཐོག་ལ་བཀའ་བསྡུར་གནང་ཡོད་པ་ལས། བོད་རྒྱ་འབྲེལ་མོལ་གྱི་ཐོག་དམིགས་བསལ་གྲོས་གཞི་ཁུར་ཏེ་བཀའ་བསྡུར་གང་ཡང་གནང་མེད་པ་རེད་འདུག་ལ། ཚོགས་འདུ་དོན་ཕན་ལྡན་པ་བྱུང་བ་གསུངས་བྱུང་།
བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ནི། དེ་སྔ་སྤྱི་ལོ་༡༩༩༨་ལོར་གསར་བཙུགས་གནང་ཞིང་། ཚོགས་ཆུང་དེའི་ངོ་བོའི་ཐོག་གི་མཐའ་མའི་ཚོགས་འདུ་དེ་བཞུགས་སྒར་རྡ་རམ་ས་ལར་༢༠༡༩་ལོར་ཉིན་གཉིས་ཀྱི་རིང་ཚོགས་ཤིང་། སྐབས་དེའི་ཚོགས་ཆུང་གི་ཚོགས་མི་མི་༡༦་ཙམ་མཉམ་བཞུགས་གནང་ནས། རྒྱ་ནག་གི་གནས་ཚུལ་དང་། ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ། རྒྱལ་སྤྱིའི་སྟེང་རྒྱ་ནག་དང་བོད་ཀྱི་གནས་ཚུལ་སོགས་ཀྱི་ཐོག་དགོངས་པ་བཞེས་ཕྱོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་འདུག
གཏན་འཇགས་ཐབས་ཇུས་འཆར་འགོད་ཀྱི་ཚོགས་ཆུང་འདི་ནི་དེ་སྔོན་གྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཀའ་ཤག་སྐབས་༡༦་པས་མཁོ་བསྡུ་གནང་སྟེ་གསར་བཙུགས་གནང་པ་ཞིག་ཡིན་པ་དང་། ཐེངས་འདིའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་ཚོགས་ཆུང་གི་ཚོགས་མི་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་དང་། བདེ་སྲུང་དྲུང་ཆེ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱི་ཐོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། དེ་བཞིན་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་མཉམ་ཞུགས་གནང་འདུག་ལ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཆེད་ཕེབས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།