དགའ་ལྡན་ལྔ་མཆོད་ལ་དགོན་པ་ཁག་ཏུ་མཆོད་མཇལ་དང་གནས་སྐོར་ལ་འགྲོ་སྐྱོད་མི་ཆོག་པའི་བཀག་འགོག

2023.12.06
དགའ་ལྡན་ལྔ་མཆོད་ལ་དགོན་པ་ཁག་ཏུ་མཆོད་མཇལ་དང་གནས་སྐོར་ལ་འགྲོ་སྐྱོད་མི་ཆོག་པའི་བཀག་འགོག
Photo: RFA

ལོ་ལྟར་བོད་ཟླ་༡༠ཚེས་༢༥ཉིན་ནི་རྗེ་ཙོང་པ་བློ་བཟང་གྲགས་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་གྱི་ཉིན་མོ་སྟེ། དགའ་ལྡན་ལྔ་མཆོད་ཅེས་བོད་ནང་གི་བོད་མི་ཚོས། དགོན་པ་ཁག་ཏུ་མཆོད་མཇལ་དང་མི་མང་འདུ་འཛོམས་བྱེད་སྲོལ་ཡོད་པ་བཞིན། འདི་ལོའི་དགའ་ལྡན་ལྔ་མཆོད་དང་འབྲེལ་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས། སྲིད་གཞུང་གི་ལས་བྱེད་དང་དགེ་རྒན་དང་སློབ་ཕྲུག་སོགས་ལ་ཚོགས་འདུ་དང་འབྲེལ་དགའ་ལྡན་ལྔ་མཆོད་ལ་དགོན་པ་ཁག་ཏུ་མཆོད་མཇལ་དང་གནས་སྐོར་ལ་འགྲོ་སྐྱོད་མི་ཆོག་པའི་བཀག་འགོག་བྱེད་བཞིན་ཡོད་པ་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་ནང་མི་མང་གི་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་སོགས་ལ་ལྟ་བཤེར་བྱེད་འགོ་ཚུགས་ཡོད་པ། བོད་ནང་གི་འབྲེལ་ཡོད་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པས་ད་དུང་། ཉེ་སྔོན་ནས་བཟུང་སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཚོགས་འདུ་སོགས་དང་འབྲེལ་དགའ་ལྡན་ལྔ་མཆོད་ལ་མཆོད་མཇལ་མི་ཆོག་པ་དང་། ལྷག་པར་དུ་སློབ་མ་ཚོའི་བསམ་བློའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་གནས་ཚུལ་སློབ་ཁྲིད་མི་ཆོག་སྐོར་ནན་བརྗོད་བྱས་སོང་ལ། ལྷ་ས་ལྟ་བུར་མཚོན་ན་ལོ་ལྟར་སྲིད་གཞུང་གི་ལས་བྱེད་མི་སྣ་དང་ཏང་ཡོན་ཚོ་སྤྱིར་ན་མཆོད་མཇལ་དང་གནས་སྐོར་བྱེད་པར་འགྲོ་སྐྱོད་མི་ཆོག་པ་དང་། དེང་སྐབས་གཙོ་ཆེ་ཤོས་སློབ་མ་དང་དགེ་རྒན་ཚོ་མཆོད་མཇལ་བྱེད་མི་ཆོག་པའི་བཀག་འགོག་བྱེད་བཞིན་འདུག་ལ། དམིགས་བསལ་དུས་ཆེན་སོགས་ཀྱི་སྐབས་སུ་ནམ་རྒྱུན་དོགས་གཞི་ཡོད་པའི་མི་སྣ་ཚོས། དྲྭ་ལམ་ཁག་ཏུ་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་རིས་དང་། ཞལ་འདོན་རིགས་བསྐུར་བ་ཡིན་ན་འདྲི་རྩད་རིགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་ནག་གཞུང་འབྲེལ་ངོས་ནས་དགའ་ལྡན་ལྔ་མཆོད་རིང་གཞུང་ལམ་ཁག་ཏུ་འཚང་ཁ་མི་ཡོང་ཆེད་གཞུང་ལམ་ཁག་ཅིག་ལ་འགྲིམ་འགྲུལ་འགྲོ་སྐྱོད་མི་ཆོག་པ་བྱས་ཡོད་པའི་བརྡ་ཁྱབ་ཅིག་བཏང་བའི་ནང་། ཕྱི་ཟླ་༡༢ཚེས་༧ཉིན་རྒྱབ་ཆུ་ཚོད་དང་པོ་ནས་བཟུང་། བདེ་འཇགས་དང་། ཤར་གཏོང་། ཞི་མཐུན་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཡོང་ཆེད། གྲོང་ཁུལ་གྱི་འབྲེལ་ཡོད་གཞུང་ལམ་ཁག་གཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས། ཅང་སུའུ་ལམ་དང་མཁར་རྔ་མདོང་ལྷོ་ལམ་གྱི་གསུམ་མདོ་ཁ་ནས་ཅང་སུའུ་ལམ་དང་གླིང་སྐོར་ཤར་ལམ་གྱི་བཞི་མདོ་ཁ་དང་། གཡུ་ཐོག་ལམ་ཧྲིལ་པོ། པེ་ཅིང་ཤར་ལམ་ཧྲིལ་པོ། རྡོ་སེང་གེ་ལམ་ཧྲིལ་པོ་བཅས་སུ་འཕྲུལ་སྒུལ་འཁོར་རིགས་འཇོག་མི་ཆོག་པས། འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་། རྒྱ་ཆེའི་འགྲུལ་པ་ཚོས་ལས་ཡུལ་དངོས་ཀྱི་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་ནན་པོ་ཞུ་དགོས་སྐོར་སོགས་བཀོད་འདུག
དགའ་ལྡན་ལྔ་མཆོད་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༤༡༩ཟླ་༡༠ཚེས་༢༥ཉིན་དང་། དགུང་གྲངས་༦༣་པའི་སྟེང་དགོངས་པ་རྫོགས་རྗེས་ཀྱི་ལོ་རྗེས་མ་ཕྱི་ལོ༡༤༢༠་ལོའི་ཉིན་མོ་དེ་རང་ལ་དགའ་ལྡན་དགོན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ། ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་ནས་རྗེ་བདག་ཉིད་ཆེན་པོར་རྗེས་དྲན་མཛད་པ་ནས་བཟུང་། དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོའི་སྒོ་ནས་རྗེས་དྲན་ཞུ་བའི་སྲོལ་དེ་བྱུང་ཡོད་པ་རེད།།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎