དགེ་རྒན་རྣམས་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ཐུབ་དགོས་གལ་ཆེ་བ་ཡིན་ཞེས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུངས་པ།

2025.01.10
དགེ་རྒན་རྣམས་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ཐུབ་དགོས་གལ་ཆེ་བ་ཡིན་ཞེས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུངས་པ། སཾམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་ ༡༧ པ། ༢༠༢༥།༠༡།༡༠ ཉིན།
RFA/ Tenzin Woser

ཟླ་ ༡ ཚེས་ ༡༠ ནས་ ༡༢ བར་བཅས་ཉིན་གྲངས་ ༣ རིང་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་ ༡༧ པ་དེ་བཞིན་དབུ་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་གི་རྩལ་བཞིའི་གནས་ཚད་ཡར་རྒྱས་ཚད་དང་ལྡན་པ་གཏོང་ཆེད་འབད་བརྩོན་གནང་དགོས་པའི་གྲོས་གཞི་དྲུག་ཐོག སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ཁྱོན་ ༢༩ ནས་གྲོས་བསྡུར་གནང་རྒྱུ་རེད་འདུག

དེ་ཡང་ཚོགས་འདུའི་དབུ་བྱེད་མཛད་སྒོའི་སྐབས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། དགེ་རྒན་རྣམས་ནས་ཉམས་མྱོང་དང་རང་ཉིད་ཀྱི་སློབ་ཚན་ལ་བྱང་པ་ཡོད་པ་ཙམ་དུ་མ་ཟད། སློབ་ཚན་དེ་དག་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ཐུབ་མཁན་གྱི་དགེ་རྒན་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་བས། ཡོང་འགྱུར་གཞི་རིམ་སློབ་གྲྭ་ཁག་གི་ནང་འཛིན་གྲྭ་ ༦། ༧། ༨། རྣམས་ལ་སྤྱི་ཚོགས་ཚན་རིག་དང་ཨང་རྩིས། ཚན་རིག་རྣམས་བོད་ཡིག་ཐོག་ནས་སློབ་འཁྲིད་གནང་ཐུབ་རྒྱུར་གྲ་སྒྲིག་དགོས་པ་ནན་བརྗོད་གནང་སོང་། དེ་བཞིན་ཁོང་གིས་མུ་མཐུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་སྐུ་ལས་ཚད་མེད་བསྐྱོན་ཡོད་པས།  དགེ་རྒན་རྣམས་ནས་ཀྱང་མུ་མཐུད་ནས་ཕྱག་ལས་ཡག་པོ་གནང་སྟེ་མ་འོངས་པར་སེམས་ལ་འགྱོད་པ་ཞིག་གནང་དགོས་གལ་ཆེ་བའི་སྐོར་གསུངས་སོང་།

For Web3 (1).jpg
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་ ༡༧ པ། ༢༠༢༥།༠༡།༡༠ ཉིན།

གཞན་ཡང་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་དྲུག་ཡོད་པ་རྣམས་ངོ་སྤྲོད་གནང་བ་དང་འབྲེལ། འདི་ལོར་སཾ་བྷོ་ཊ་སློབ་གྲྭ་ཁག་གི་ནང་དུ་གཞི་རིམ་འོག་མ་ཙམ་དུ་མ་ཟད་གཞི་རིམ་བར་མའི་སློབ་མ་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏང་རྒྱུ་དང་། སློབ་གྲྭའི་ནང་དུ་ཡོད་པའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མའི་ཆེད་དམིགས་བསལ་ཆེད་ལས་པ་བསྐོ་གཞག་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།

ཐེངས་འདིའི་སཾ་བྷོ་ཊའི་འགན་འཛིན་ཚོགས་ཆེན་དེའི་ཐོག་སློབ་གྲྭ་ཁག་གི་འགན་འཛིན་མང་དག་ཅིག་ནས་མཉམ་ཞུགས་གནང་ཡོད་པའི་ཁར། འདི་ག་གསར་འགོད་པས་མཉམ་ཞུགས་གནང་མཁན་གྱི་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་ཁག་ཅིག་ལ་ཚོགས་འདུའི་གལ་གནད་དང་། ད་ལྟའི་ཆར་སློབ་གྲྭ་ཁག་གི་ནང་བོད་པའི་སློབ་མའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་དཀའ་ངལ། དེ་བཞིན་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མ་མི་ཉུང་བ་ཞིག་ཐོན་བཞིན་པ་སོགས་ཀྱི་ཐད་གདོང་ལེན་བྱ་ཐབས་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར།

For Web2 (1).jpg
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་ ༡༧ པ། ༢༠༢༥།༠༡།༡༠ ཉིན།

སཾ་བྷོ་ཊ་མོན་གྷོཊ་སློབ་གྲྭའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ནས། ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་གི་ནང་བོད་སློབ་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་དཀའ་ངལ་ནི་ཡོངས་བསྒྲགས་ཡིན་ནའང་། ད་ཡོད་སློབ་མ་རྣམས་ལ་ཚད་དང་ལྡན་པའི་ཤེས་ཡོན་སྤྲོད་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་ཞིང་། གཞན་ཡང་བོད་སློབ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་(SEE Learning)ལག་བསྟར་བྱེད་བཞིན་པར་བརྟེན། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མ་རྣམས་ལ་དགེ་རྒན་དང་སློབ་མ་ཚོས་བསམ་གཞིགས་གནང་རྒྱུའི་ཐད་ཕན་ཐོགས་ཡོང་གི་ཡོད་པ་དང་།  ལྷག་པར་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མ་ཚོ་ནས་བློ་སྐྱེད་བླངས་ཏེ། བཟང་སྤྱོད་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་བསྐྲུན་པར་ཕན་ནུས་ཆེན་པོ་ཡོད་སྐོར་གསུངས་བྱུང་།

གཞན་ཡང་སཾ་བྷོ་ཊ་པུར་ཝ་ལའི་དགེ་ཆེ་ཉི་མ་ལྷ་མོ་ལགས་ནས། ད་ལྟའི་ཆར་བོད་པའི་སློབ་གྲྭའི་ནང་བོད་སློབ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་། སློབ་མ་དབུས་བཞག་ཐོག་ཤེས་ཡོན་སྤུས་ཚད་ལྡན་པ་ཞིག་སྤྲོད་རྒྱུའི་ཐོག་འབད་བརྩོན་གནང་དགོས་པ་དང་། ལྷག་པར་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མ་རྣམས་ལ་དགེ་རྒན་དང་ཕ་མ་རྣམས་ནས་དམིགས་བསལ་ལྟ་སྐྱོང་གནང་བའི་ཐོག་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་བྱུང་།

རྩ་བའི་ཐེངས་འདིའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་ ༡༧ པ་དེའི་ཐོག སློབ་གྲྭའི་འགན་འཛིན་ ༢༩ ནས་མཉམ་ཞུགས་ཀྱིས། དེ་སྔའི་འགན་འཛིན་ཚོགས་འདུ་ཐེངས་ ༡༦ པའི་གྲོས་གཞི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་གཏན་འབེབས་དང་། སློབ་གྲྭའི་འཛིན་སྐྱོང་ཡར་རྒྱས་ཡོང་སླད་སྤྱི་སྨན་དགོངས་འཆར་བསྡུ་རུབ་སོགས་གནང་རྒྱུ་རེད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎