ས་རཱ་མཐོ་སློབ་ཏུ་ད་བར་སློབ་མ་༥༠༠༠ ལྷག་སློབ་ཐོན་ཟིན་འདུག་པའི་ཁྲོད་མང་པོ་ཞིག་བོད་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མུས་ཡིན་འདུག

2022.08.13
Share on WhatsApp
Share on WhatsApp
ས་རཱ་མཐོ་སློབ་ཏུ་ད་བར་སློབ་མ་༥༠༠༠ ལྷག་སློབ་ཐོན་ཟིན་འདུག་པའི་ཁྲོད་མང་པོ་ཞིག་བོད་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མུས་ཡིན་འདུག ས་རྭ་བོད་ཀྱི་མཐོ་སློབ་དབུ་བརྙེས་པའི་མཛད་སྒོའི་པར་རིས། ༢༠༢༢།༠༨།༡༣
RFA

བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དེ་བཞིན་ཕྱི་ལོ་ ༡༩༩༨ ལོ་གསར་འཛུགས་བྱས་ཏེ། ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༨ པའི་ཚེས་ ༡༣ ཉིན་ལོ་ངོ་ཧྲིལ་པོ་ ༢༤ འཁོར་གྱི་ཡོད་པར་བརྟེན། ཉིན་འདིར་དཔལ་ལྡན་དགའ་ལྡན་ཕོ་བྲང་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མཐོ་སློབ་དེ་བཞིན་དབུ་བརྙེས་པའི་དུས་ཆེན་མཛད་སྒོའི་ཐོག་སྐབས་ ༤ པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་དང་། སྐབས་ ༣ པའི་རྩོམ་རིག་གཙུག་ལག་རམ་འབྱམས་པ། དེ་བཞིན་སྐབས་ ༡ པོའི་སྐད་བརྡ་རིག་པ་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ལ་སློབ་ཐོན་གྱི་ལག་འཁྱེར་ཕུལ་གནང་སོང་།

རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས། ས་རཱ་མཐོ་སློབ་ནི་ད་སྐབས་བོད་ཀྱི་རིག་གནས་སྦྱང་སའི་མཐོ་རིམ་སློབ་གཉེར་ཁང་གཙོ་གྲས་ཡིན་ཞིང་། དེ་གསར་འཛུགས་བྱས་པ་ནས་བཟུང་། ད་བར་སློབ་མ་ ༥༠༠༠ ལྷག་ཐོན་ཟིན་ཡོད་པ་དང་། མཐོ་སློབ་ཏུ་ད་ལྟའི་ཆར་དགེ་ལས་སློབ་མ་ཁྱོན་ ༣༠༠ ཙམ་ཡོད་པ་གསུངས་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས། ད་བར་ས་རཱ་མཐོ་སློབ་ཀྱིས་དམིགས་བསལ་དགོས་མཁོ་ཆེ་བའི་སློབ་མ་མང་དག་ཅིག་ལ་རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད་པ་དེར་སྤོབས་པ་ཡོད་ཅེས་དང་། དགེ་རྒན་ཟེར་བ་དེར། གཞུང་གི་ནང་ལ་ཡོངས་འཛིན་ཟེར་གྱི་ཡོད། ཡོངས་འཛིན་གྱི་ལས་ཀ་གསུམ་ལས་དང་པོ་ནི་རང་གི་སློབ་མ་ཆེ་ཆུང་མཐའ་དག་གི་བསམ་བློའི་ནང་འཇིགས་པ་དང་ཞུམ་པ་མེད་པར། རྟག་ཏུ་སེམས་མི་ཞུམ་པ་དང་སེམས་མི་འཇིགས་པར་བསྡད་ཐུབ་པ་ཞིག་བཟོ་རྒྱུ་དེ་ཡོངས་འཛིན་གྱི་ཕྱག་ལས་དང་པོ་དེ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ལགས་ཀྱིས། དེང་སྐབས་མཐོ་རིམ་སློབ་གཉེར་ཁང་དེ་ཉིད་ནས་སློབ་ཐོན་ཟིན་པའི་སློབ་མ་མང་དག་ཅིག་བོད་པའི་སྤྱི་ཚོགས་ཁྲོད་དགེ་རྒན་ལ་སོགས་པའི་ལས་སྣེ་འདྲ་མིན་ཐོག་ཞབས་ཞུ་སྒྲུབ་མུས་ཡིན་པ་དེ་ནི་མཐོ་སློབ་དེ་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་བ་ལྟ་བུ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

Pic02.jpg

ད་ལྟའི་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་ལགས་ནི་དེ་སྔོན་ས་རཱ་མཐོ་སློབ་ཐོག་མ་འགོ་འཛུགས་གནང་བའི་སྐབས་ཀྱི་སློབ་མ་ཞིག་ཡིན་འདུག 

ས་རཱ་མཐོ་སློབ་ནི་རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་༸གོང་ས་མཆོག་གི་དགོངས་དོན་བཞིན་བཙུགས་གནང་བ་ཞིག་ཡིན་འདུག་ཅིང་། ཕྱི་ལོ་ ༢༠༡༤ ལོར་ས་རྭ་མཐོ་སློབ་ནང་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་MAཀྱི་སྡེ་ཚན་དེ་བཞིན་གསར་བཙུགས་གནང་ཞིང་། ཕྱི་ལོ་ ༢༠༢༠ ལོར་སྐད་བརྡ་རིག་པ་གཙུག་ལག་རབ་འབྱམས་པ་འགོ་འཛུགས་ཏེ། འདི་ལོར་སྐབས་༡པའི་སྐད་བརྡ་རིག་པ་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་སློབ་ཐོན་གནང་གི་ཡོད་རེད།

གསར་འགོད་པ།  བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎