རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་དམ་དྲག་བྱས་འདུག

2022.03.28
Share on WhatsApp
Share on WhatsApp
རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་དམ་དྲག་བྱས་འདུག ཧྲང་ཧེ་གྲོང་ཁྱེར་ནང་གི་བཀག་སྡོམ་ཁུལ། ༠༣།༢༨།༢༠༢༢
Reuters

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་ཚེས་༢༨ཉིན་ཧྲང་ཧེ་ནས་སྤེལ་བའི་གནས་ཚུལ་ནང་། ཧྲང་ཧེ་ས་གནས་གཞུང་གིས་རེས་གཟའ་ཟླ་བའི་ཉིན་རིམ་པ་གཉིས་ལ་བགོས་ནས་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་བསྡོམ་དམ་དྲག་བྱས་ཏེ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་འདུག
གཟའ་ཟླ་བ་ནས་པ་སངས་བར་ཧྲང་ཧེའི་ཕུ་ཏོང་གི་ཤར་ཁུལ་དང་ལྷོ་ཁུལ། ཉེ་སའི་ས་ཁུལ་ཚང་མ་སྒོ་བརྒྱབ་ནས་བཀག་བསྡོམ་བྱ་རྒྱུ་དང་། དེ་ནས་གཟའ་ཕུར་བུ་ནས་པ་སངས་བར་ཧྲང་ཧེའི་ཕུ་ཏོང་གི་ནུབ་ཁུལ་ཡོངས་སུ་སྒོ་བརྒྱབ་ནས་བཀག་བསྡོམ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
གཞུང་གིས་བཀའ་རྒྱ་བཏང་བའི་བཀག་སྡོམ་ཁུལ་དུ་མི་ཚང་ཡོད་ཚད་བཀག་སྡོམ་ནན་མོ་བྱས་ཏེ་མི་གཅིག་ཀྱང་ཕྱི་རུ་སོང་མི་ཆོག་པ་དང་། ཁེ་ལས་ཁང་ཡོད་ཚད་བཀག་བསྡོམ་ནན་མོའི་འོག་ཐོན་སྐྱེད་དང་། ཡང་ན་སོ་སོའི་ནང་ནས་ལས་ཀ་བྱེད་རྒྱུ། སྤྱིའི་འགྲིམ་འགྲུལ་ཡོད་ཚད་ཀྱིས་ཞབས་ཞུ་མཚམས་འཇོག་དགོས་པ་རེད།
རྒྱ་ནག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་གཟའ་ཟླ་བའི་ཉིན་སྤེལ་བའི་སྤྱི་བསྒྲགས་ནང་། འདས་པའི་ཆུ་ཚོད་༢༤འི་རིང་། ཧྲང་ཧེ་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ཏོག་དབྱིབས་རིམས་ནད་ཕོག་མཁན་༣༤༥༠ཡོད་པ་རེད། ད་བར་དུ་ཧྲང་ཧེ་གྲོང་ཁྱེར་གྱི་མི་བྱེ་བ་གཅིག་དང་ས་ཡ་བཞི་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་པ་རེད།
འཛམ་གླིང་གི་ས་ཁུལ་གཞན་དང་བསྡུར་ན། ཧྲང་ཧེ་གྲོང་ཁྱེར་གྱི་ཏོག་དབྱིབས་རིམས་ནད་འགོས་པའི་མི་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་རེད། ཡིན་ནའང་ཧྲང་ཧེ་གྲོང་ཁྱེར་གྱི་མི་བྱེ་བ་གཉིས་དང་ས་ཡ་དྲུག་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་གཅིག་ཀྱང་ཡོད་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་ཡུལ་དུ་གྱུར་འདུག
རོའུ་ཊར་གསར་ལས་ཁང་གི་གནས་ཚུལ་ནང་། ཉེ་བའི་ཟླ་གཅིག་ལྷག་གི་རིང་ཧྲང་ཧེ་གྲོང་ཁྱེར་དུ་ཡང་ནས་ཡང་དུ་ས་ཁུལ་དབྱེ་བགོས་བྱས་ནས་འགྲོ་བསྐྱོད་བཀག་བསྡོམས་དམ་དྲག་བྱས་སྟབས་དམ་དྲག་བྱེད་སྟངས་དེར་མི་མང་ཚོ་ཁོང་ཁྲོ་ལངས་ཡོད་པ་དང་། ཁོང་ཚོས་དེ་ལྟ་བུའི་ཏོག་དབྱིབས་རིམས་ནད་འགོག་ཐབས་ལ་རིན་དོད་ཆེ་དྲགས་པར་འཁང་ར་བྱེད་བཞིན་ཡོད་པ་བཀོད་འདུག

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།