སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་ཞུས་འདུག

2022-01-26
Share
སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་ཞུས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག
སྒྲིག་བཟོ།/RFA

ལོ་ལྟར་སྤྱི་ཟླ་༡་པོའི་ཚེས་༢༦་ཉིན་ཏེ་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་། མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ཞེས་རྒྱ་གར་རྒྱལ་ཡོངས་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། ད་ཆ་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་རྐྱེན་མང་ཚོགས་འདུ་འཛོམས་རིགས་མེད་པ་བྱེད་བཞིན་པ་མ་ཟད། ཉིན་དེར་རྒྱལ་ས་ལྡི་ལི་ཁུལ་དུ་རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་མི་ལོ་༧༣་འཁོར་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་དེ་ཡང་སྔོན་དང་མ་འདྲ་བར་མི་མང་༥༠༠༠་ཙམ་ལས་འདུ་འཛོམས་མེད་པའི་སྒོ་ནས་སྲིད་བློན་མོ་དྷི་མཆོག་དང་། (Ram Nath Kovind)་ མཆོག་རྣམ་གཉིས་དབུ་བཞུགས་ཐོག་སྲུང་བརྩི་ཞུས་འདུག བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཧི་མ་ཅལ་མངའ་སྡེ་གཞུང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལམ་སྟོན་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཚོགས་མེད་པ་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉིན་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་ནས། ངོས་ཀྱིས་རླབས་ཆེན་གྱི་རྒྱལ་ཁབ་དེར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ལ། བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་མི་ལོ་༧༣་འཁོར་བར་མཛའ་བརྩེ་ལྡན་པའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
དེ་བཞིན་གོང་ཚེས་ཉིན་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱིས་རྡ་སའི་ཉེན་རྟོག་པའི་ཐང་ཆེན་དུ། རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་མཛད་སྒོ་དེ་བཞིན་མི་མང་པོ་འདུ་འཛོམས་མེད་པའི་སྒོ་ནས་སྲུང་བརྩི་ཞུས་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་སྐུ་མགྲོན་དུ་ཆེད་ཕེབས་གནང་འདུག
ཕྱི་ལོ་༡༩༥༠་ལོའི་ཕྱི་ཟླ་༡་པོའི་ཚེས་༢༦་ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་ཏེ། རྒྱ་གར་རྒྱལ་ཁབ་དེ་བཞིན་དངོས་སུ་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཤིག་ཆགས་ཡོད་པ་དང་། ཉིན་མོ་དེར་རྒྱ་གར་མང་གཙོའི་ཉིན་མོ་ཞེས་འབོད་སྲོལ་ཡང་ཡོད་པ་དང་། ཉིན་དེར་རྒྱལ་ས་ལྡི་ལི་རུ་རྒྱ་གར་མངའ་སྡེ་སོ་སོས་རིག་གཞུང་འཁྲབ་སྟོན་དང་སྦྲགས། རྒྱ་གར་གྱི་དཔུང་དམག་སྡེ་ཚན་ཚོས་རུ་སྒྲིག་གི་ལམ་ནས་དུས་དྲན་དེ་ཉིད་ལ་ཆེ་མཐོང་གིས་སྲུང་བརྩི་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།