སྲིད་སྐྱོང་མཆོག་ལ་ཁེ་ཎ་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་ཉན་ཞིབ་གནང་འདུག

2022.05.05
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་ལ་ཁེ་ཎ་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་ཉན་ཞིབ་གནང་འདུག སྲིད་སྐྱོང་མཆོག་ལ་ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་སྐབས། ༠༥།༠༥།༢༠༢༢
@parlvu.parl.gc.ca

འདི་ཚེས་༥ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་རྣམ་གཉིས་ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཚོང་འབྲེལ་ལས་དོན་ཚོགས་ཆུང་(STANDING COMMITTEE, Foreign Affairs and International Trade)་གི་ཚོགས་གཙོ་(Peter M. Boehm)་དབུ་བཞུགས་ཀྱི་ཉན་ཞིབ་སར་ཕེབས་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་ཞུ་གཏུག་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་ནང་ཞི་ཅིན་ཕིང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཐེར་འདོན་ཞུ་གཏུག་གནང་ཡོད་པ་རེད། ཕྱི་དྲོ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཛུགས་སྐྲུན་ལས་དོན་ཚོགས་ཆུང་གི་ཉན་ཞིབ་སར་ཕེབས་སྐབས་གྲོས་ཚོགས་འོག་མའི་ཚོགས་གཙོས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་། དེར་ཡང་སྲིད་སྐྱོང་མཆོག་དང་ལྷན་དུ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྤྲུལ་སྐུ་ཕེབས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་གར་སོང་མེད་པའི་གནས་སྟངས་ཐད་ཞུ་སྐུལ་དོན་ཚན་༥གླེང་གནང་ཡོད་པ་བཙན་བྱོལ་བོད་མིའི་ཆེས་མཐོའི་སྐུ་ཚབ་ལྷན་ངོ་བཅར་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

sikyong canada (1).JPG
གཞན་ད་དུང་ཚེས་༥ཉིན་(Macdonald-Laurier)་ཞེས་ཁེ་ཎ་ཌའི་ནང་གྲགས་ཆེ་བའི་ཉམས་ཞིབ་བསྟི་གནས་ཁང་དང་ཁེ་ན་ཌའི་བོད་དོན་ལྷན་ཚོགས་བཅས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་ཞུས་པའི་༼བོད་མིའི་བཙན་རྒོལ་འཐབ་རྩོད་དང་དེའི་གནད་འགག༽(Resistance of Tibetan People and Why Tibet Matters)་ཞེས་པའི་བརྗོད་གཞིའི་ཐོག་ལ་རྒྱ་ནག་གི་ཉམས་ཞིབ་པ་(Charlers Burton)་གྱིས་གཙོ་སྐྱོང་གནང་སྟེ། གཏམ་བཤད་བགྲོ་གླེང་གནང་ཡོད་འདུག
མཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་ཕྱི་ཟླ་༥ཚེས་༦ཉིན་ཁེ་ཎ་ཌའི་མོན་ཊརིཡལ་ཁུལ་དུ་ཕེབས་ཐོན་གནང་སྟེ། ཁུལ་དེར་ས་གནས་བོད་མི་དང་། གནད་ཡོད་མི་སྣར་མཇལ་མོལ་གནང་རྒྱུ་དང་། དགོང་མོ་ཁེ་ཎ་ཌའི་ནང་བོད་མི་མང་ཤོས་གནས་ཡུལ་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་ཕེབས་འབྱོར་གནང་ནས་མཛད་རིམ་མི་ཉུང་བ་སྒྲིག་ཡོད་འདུག
སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་བའི་རྗེས་ད་རེས་བྱང་ཨ་རི་དང་ཁེ་ཎ་ཌ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་ཐོག་མ་ཡིན་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།