ཁེ་ཎ་ཌའི་རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ཐད་སྐྱོན་བརྗོད་བྱས་པ་ནི་གཞི་མེད་བསྙོན་འཛུགས་རེད། དོན་གཅོད་མཆོག་གིས།

2022.05.09
Share on WhatsApp
Share on WhatsApp
ཁེ་ཎ་ཌའི་རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ཐད་སྐྱོན་བརྗོད་བྱས་པ་ནི་གཞི་མེད་བསྙོན་འཛུགས་རེད། དོན་གཅོད་མཆོག་གིས། ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་ངོས་ཀྱི་བསྒྲགས་གཏམ།
དྲ་བཤུས།

རྒྱ་ནག་གི་གོ་ལའི་དུས་བབ་ཞེས་བའི་གཞུང་འབྲེལ་གསར་ཁང་གིས་ཚེས་༨ཉིན་ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་བསྒྲགས་གཏམ་ཤིག་ལུང་འདྲེན་དང་བཅས་གནས་ཚུལ་སྤེལ་བའི་ནང་། ཁེ་ཎ་ཌའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཡུལ་དེར་གཟིགས་སྐོར་དུ་ཕེབས་བཅུག་པ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་ཉན་ཞིབ་གནང་བ་བཅས་ལ་རྒྱ་ནག་གཞུང་ཚབ་ཁང་གིས་ངོས་ལེན་མེད་པ་དང་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་པ་དང་། དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྲིད་སྐྱོང་མཆོག་གི་ཁེ་ཎ་ཌའི་རྒྱལ་སར་བོད་དོན་འཚམས་གཟིགས་གནང་བའི་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་བ་ནི་བོད་ཀྱི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་ཐབས་མེད་པ་དང་། དེ་བཞིན་འཁྱོག་བཤད་ཀྱི་ལམ་ནས་བོད་ཀྱི་དངོས་ཡོད་གནས་སྟངས་སྦས་ཐབས་བྱེད་པ། ཁེ་ཎ་ཌ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་གཞི་མེད་བསྙོན་འཛུགས་ཡིན་པ་གསུངས་བྱུང་།
ཁེ་ཎ་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་བསྒྲགས་གཏམ་དེའི་ནང་། བཙན་བྱོལ་བོད་གཞུང་དེ་ཁ་བྲལ་གྱི་ཚོགས་པ་ཞིག་ཡིན་པ་དང་། དེས་བོད་རང་བཙན་བསྒྲུབ་ཐབས་ཀྱི་དམིགས་ཡུལ་བཅང་གི་ཡོད་པ་རེད། དེར་བརྟེན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་ཟླ་ཆགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་སྒྲིག་འཛུགས་དེ་འཛམ་གླིང་ཐོག་རྒྱལ་ཁབ་སུ་གཅིག་གིས་ཀྱང་ངོས་ལེན་གནང་གི་མེད་པ་རེད་ཅེས་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་འཚམས་གཟིགས་དེའི་དམིགས་ཡུལ་གཙོ་བོ་བོད་རང་བཙན་གྱི་ལྟ་ཚུལ་སྤེལ་རྒྱུ་དང་། བོད་དོན་དེ་རྒྱལ་སྤྱིའི་ཅན་ཏུ་བསྒྱུར་ཐབས་ཆེད་དུ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་དོན་ཉན་ཞིབ་སྐབས་བོད་དེ་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་ཡོངས་གྲགས་སུ་བརྗོད་པ་དེས་ཁོང་རང་བཙན་རྩོད་མཁན་གྱི་ཁ་བྲལ་བ་ཞིག་ཡིན་པ་སླར་ཡང་གསལ་སྟོན་བྱས་པ་རེད། ཁོང་གིས་རྒྱ་ནག་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ཚུལ་བཤད་པ་ནི་བསྙོན་འཛུགས་རེད་ཅེས་སོགས་བརྗོད་འདུག
ད་དུང་བོད་རྒྱ་གྲོས་མོལ་གྱི་ཐད། རྒྱ་ནག་དབུས་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་དེ་ནམ་ཡང་ངོས་ལེན་མེད་པའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ལ་ངོས་འཛིན་དང་བཅས་དེ་དང་མཉམ་གྲོས་མོལ་རྩ་བ་ནས་བྱེད་ཀྱི་མ་རེད། བོད་རང་སྐྱོང་ལྗོངས་ས་གནས་གཞུང་དང་རྒྱ་ནག་དབུས་གཞུང་གཉིས་དེ་བོད་མིའི་ངོ་ཚབ་མཚོན་མཁན་ཁོ་ན་དེ་ཡིན་པ་ལས་གཞན་སུ་གང་གིས་ཀྱང་བོད་མི་དམངས་ཀྱི་སྐུ་ཚབ་བྱེད་པའི་ཐོབ་ཐང་མེད་ཚུལ་སོགས་བརྗོད་འདུག
ཉེ་ལམ་ཚེས་༥ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་རྣམ་གཉིས་ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Peter M. Boehm)་དབུ་བཞུགས་ཀྱི་ཉན་ཞིབ་སར་ཕེབས་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་ཞུ་གཏུག་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་ནང་ཞི་ཅིན་ཕིང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཐེར་འདོན་ཞུ་གཏུག་གནང་ཡོད་པ་རེད། ཕྱི་དྲོ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཛུགས་སྐྲུན་ལས་དོན་ཚོགས་ཆུང་གི་ཉན་ཞིབ་སར་ཕེབས་སྐབས་གྲོས་ཚོགས་འོག་མའི་ཚོགས་གཙོས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཞིག་ཡིན་ཀྱང་ད་ལྟ་དབུ་མིའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་རྒྱ་བར་གྲོས་མོལ་ཡོང་ཐབས་ལ་འབོད་སྐུལ་གནང་ཡོད་པ་རེད།
རྒྱ་ནག་གཞུང་གི་གསར་ལམ་དེའི་ནང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་སྐོར་བརྗོད་དོན། རྒྱ་ནག་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་འཛིན་གྱི་ཡོད་པའི་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་ལ་གུས་བརྩི་དང་སྲུང་སྐྱོབ་གནང་གི་ཡོད། རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་ཡང་སྲིད་ལམ་ལུགས་དེ་ནི་འདས་པའི་དུས་རབས་ནང་བྱུང་བ་ཞིག་དང་། དེ་ནི་ལོ་རྒྱུས་ཐོག་གི་ལམ་ལུགས་གཞིར་བཟུང་དང་། རྒྱ་ནག་ནང་གི་ཁྲིམས་སྒྲིག་གཞི་བཟུང་འགྲོ་དགོས་པ་ཞིག་རེད་ཅེས་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་བརྗོད་འདུག
ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་མཆོག་གིས་རྒྱ་ནག་གི་ཆོག་མཆན་མེད་པའི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བ་དེ་ནི་ཁྲིམས་འགལ་རེད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་མི་དམངས་དཀྱུས་མ་ལྟར་འཚོ་བ་རོལ་ནས་བསྡད་ཡོད་པ་རེད་ཅེས་བརྗོད་འདུག།
གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་དང་ལྡན་པ་ཡིན་པའི་དྲིལ་བསྒྲགས་བསྐྱར་བཟློས་བྱས་པ་དང་མཉམ་དུ། བོད་ལྗོངས་ཞེས་བོས་ནས་བོད་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་དབང་མེད་པ་དང་། ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་ཁ་བྲལ་དུ་གཏོང་རྒྱུའི་ལས་འགུལ་ལ་སྡིངས་ཆ་སྤྲོད་རྒྱུ་དང་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱས་ན་མ་གཏོགས་རྒྱ་ནག་གིས་དེ་མཚུངས་ཡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་འདུག

གསར་འགོད་པ། ཀརྨ་རྒྱ་མཚོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།