སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་ཀྱི་ཐོག་ནས་མི་དམངས་མཉམ་ཁྲིད་ཐུབ་པ་གནང་རྒྱུ་ཡིན་པ་གསུངས་བྱུང་།

2021-06-02
Share
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་ཀྱི་ཐོག་ནས་མི་དམངས་མཉམ་ཁྲིད་ཐུབ་པ་གནང་རྒྱུ་ཡིན་པ་གསུངས་བྱུང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲིའི་སྐབས། ༦།༢།༢༡
RFA

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་ཀྱི་ཐོག་ནས་མི་དམངས་མཉམ་ཁྲིད་ཐུབ་པ་གནང་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས་གསུངས་བྱུང་།
ཕྱི་ཟླ་ ༦ ་ཚེས་ ༢་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་གི་སྐབས། ཁོང་གི་ངོས་ནས་འོས་བསྡུའི་སྐབས་ཁོང་ལ་རྒྱབ་སྐྱོར་གནང་མཁན་དང་མ་གནང་མཁན་ཚང་མ་མ་འོངས་རིམ་པས་ཕྱག་ལས་གནང་པའི་བརྒྱུད་རིམ་གྱི་ཐོག་ནས་མཉམ་ཁྲིད་ཐུབ་པ་གནང་རྒྱུ་ཡིན་པ་གསུངས་ཡོད། ཁོང་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གལ་ཆེ་ཤོས་ནི། བོད་རྒྱ་འབྲེལ་མོལ་ཐད་ཕྱོགས་ཡོངས་ནས་འབད་བརྩོན་གནང་རྒྱུ་དང་། དེ་ཡང་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་གནང་ཐབས་དང་། ཕྱོགས་མཚུངས་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༥ ་ཚེས་ ༢༧ ་ཉིན་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས་ཤིང་། ཕྱི་ཟླ་ ༦ ་ཚེས་ ༢ ་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཐོག་འདས་པའི་ཉིན་གྲངས་འགའ་ཤས་རིང་གི་ལས་དོན་དང་། མ་འོངས་པའི་ལས་དོན་འཆར་གཞི། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་བྱ་ཕྱོགས་སོགས་ཀྱི་ཐད་འཆར་གཞི་སྙན་འབུལ་དང་ལམ་སྟོན་བཀའ་སློབ་ཞུས་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་ལས་རིམ་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་གསར་པར་ཐུགས་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་བཀའ་གནང་པ་འགྲེལ་བརྗོད་གནང་བྱུང་བ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཆིབས་བསྒྱུར་བསྐྱོང་རྒྱུ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཆིབས་བསྒྱུར་བསྐྱོང་གནང་མཛད་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་པ་གསུངས་ཤིང་། སྲིད་སྐྱོང་མཆོག་གི་ངོས་ནས་ཐུགས་རེ་དེ་དག་འགྲུབ་རྒྱུར་ཕྱོགས་གང་ས་ནས་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་པ་གསུངས་བྱུང་།
མ་འོངས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ངོས་ནས། བཙན་བྱོལ་ནང་གི་མི་འབོར་གྲངས་བཤེར་ཞིབ་ཚགས་ཤིག་གནང་པའི་ཐོག་གཞིས་ཆགས་ཁག་སྲ་བརྟན་བཟོ་ཐབས་ཀྱི་འཆར་གཞི་ཁག་གཏན་འབེབས་གནང་རྒྱུ་དང་། རྒྱ་གར་དང་བལ་ཡུལ་མ་ཡིན་པའི་ཡུལ་གྲུ་ཁག་གི་ནང་གནས་པའི་བོད་མི་ཚོ་སྤྱི་ཚོགས་རུབ་རུབ་ཀྱི་ངོ་བོའི་ཐོག་གནས་ཐབས་དགོངས་བཞེས་གནང་རྒྱུ་ཡིན་པ་གསུངས་ཡོད།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་པ་དང་འབྲེལ་ནས་བྱུང་བཞིན་པའི་དཀའ་རྙོག་ཁག་སེལ་ཐབས་གཙོ་བོ་སྤྱི་འཐུས་གྲོས་ཚོགས་ཀྱིས་གནང་དགོས་པའི་དགོངས་ཚུལ་གསུངས་ཤིང་། འོན་ཀྱང་སྲིད་སྐྱོང་མཆོག་གིས་གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བར་ངོས་འཛིན་གནང་གི་ཡོད་པ་དང་། གཞི་རིམ་མང་ཚོགས་ཀྱི་ངོས་ནས་མང་གཙོའི་ལམ་ལུགས་ཀྱི་གོ་རྟོགས་ཐད་དོ་སྣང་ཆེ་རུ་བཏང་སྟེ། མང་གཙོའི་ཀ་བ་འདྲ་མིན་བར་བརྗིད་མཉམ་སྟངས་འཛིན་དགོས་པའི་གནད་འགག་ཤེས་པ་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་པའི་སྐུལ་མ་གནང་གི་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དུས་ཡུན་ཚོུད་གཅིག་མ་ཟིན་ཙམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཐོག་གི་མཇལ་ཁ་ཐོབ་པ་ནི་ཧ་ཅང་གི་སྐལ་པ་བཟང་པོ་བྱུང་བ་གསུངས་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་སུ། སྐར་མ་ ༤༧ ་ཅན་གྱི་དམིགས་བསལ་བཅར་འདྲིའི་ལེ་ཚན་དེ། ཕྱི་ཚེས་ ༣ ་ཉིན་བོད་ནང་མཚན་མོའི་ཚོུད་ ༡༡ ་དང་རྒྱ་གར་ནང་དགོང་དྲོའི་ཚོུད་བརྒྱད་དང་ཕྱེད་ཀའི་ཐོག བརྙན་འཕྲིན་དང་རླུང་འཕྲིན། ངོ་དེབ་དྲ་རྒྱ་དང་ཡུ་ཊུབ་དྲ་རྒྱ་བཅས་ཀྱི་བརྒྱུད་གསན་གཟིགས་གནང་ཐུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།