བོད་དོན་བདེན་མཐའ་མ་སེལ་བར་དུ་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། སྲིད་སྐྱོང་མཆོག་གིས།

2021-11-01
Share
བོད་དོན་བདེན་མཐའ་མ་སེལ་བར་དུ་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སུད་སིར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བ་དབུ་འབྱེད་དང་བོད་དོན་གཏམ་བཤད་གནང་སྐབས། ༡༡།༡།༢༡
SPT@facebook

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨི་ཊལིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་མཛད་རིམ་ཁག་ལེགས་པར་འགྲུབ་པའི་རྗེས། སུད་སིར་ཕེབས་འབྱོར་གྱིས་འདི་ཚེས་༡་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག ཕྱི་ལོ་ ༢༠༢༡་ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བ་དབུ་འབྱེད་དང་བོད་དོན་གཏམ་བཤད་གནང་ཡོད་པ་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཁོང་ཚོའི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ་གཏོང་བཞིན་པ་ཞེས་བ་ཡིན་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་གནང་བ་དང་མཉམ། རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་ཐོག་དམ་དྲག་སྟངས་འཛིན་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་གཙོས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལ་སྐྱོན་བརྗོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་དང་མཉམ་ཞི་བའི་གྲོས་མོལ་བརྒྱུད་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུར་མུ་མཐུད་ཆོད་སེམས་བརྟན་པོ་ཡོད་པ་དང་། འཐབ་རྩོད་ཡང་འཚེ་མེད་ཞི་བའི་ལམ་ནས་བྱེད་རྒྱུ་ཡིན་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འཐུས་ཚབ་མེད་པའི་ཡུལ་ལུང་དང་མི་རིགས་དེ་དག་གི་བདེ་སྡུག་གནས་སྟངས་སྣང་མེད་དུ་འཇོག་མི་རུང་བའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་དང་ཐེ་ཝན་བཅས་ཀྱི་རང་དབང་འཐབ་རྩོད་པ་ཚོ་རྒྱལ་སྤྱིའི་ཐོག་ཁུ་སིམ་མེར་སྡོད་རྒྱུའི་རེ་བ་དང་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་ང་ཚོ་ནམ་ཡང་བདེན་མཐའ་མ་གསལ་བར་ཁུ་སིམ་མེར་སྡོད་ཐབས་མེད་པར་འཚེ་མེད་ཞི་བའི་ངང་འཐབ་རྩོད་བྱེད་དགོས་བ་དང་། ད་ལྟའི་རྒྱ་ནག་གི་ཚུལ་མིན་བྱ་སྤྱོད་འདྲ་མིན་གནས་སྟངས་ཁྲོད། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་མཉམ་འབྲེལ་མཐུན་ལམ་གྱི་སྒོ་ནས་རང་གི་རིན་ཐང་དང་ཕྱི་འབྲེལ་སྲིད་ཇུས། རང་དབང་བཅས་སྲུང་སྐྱོབ་ཆེད་ལངས་ཕྱོགས་བརྟན་པོ་དགོས་བ་དང་། རྒྱ་ནག་ནི་དཔལ་འབྱོར་སོགས་ཀྱི་ཐད་ནས་སྟོབས་ལྡན་ཡིན་ཡང་རྒྱལ་སྤྱིའི་ཁྲོད་ཡ་རབས་བཟང་སྤྱོད་དང་བདེན་པའི་སྟོབས་མེད་པས་རྒྱ་ནག་ནམ་ཡང་འཇིགས་སྣང་འོག་གནས་ཡོད་པ་སོགས་གཏམ་བཤད་གནང་ཡོད་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་གཞི་དམིགས་ཡུལ་གཙོ་བོའི་ཐད་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རིག་གཞུང་དང་བཅས་བ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྲིད་ཇུས་འགོག་ཐབས་དང་། འབྱུང་འགྱུར་ལོ་རྗེས་མའི་སྤྱི་ཟླ་༧་པར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་ཕྱོགས་ཀྱི་ཡར་རྒྱས་བཏང་ཡོད་མེད་ལོ་བཞི་རེའི་བསྐྱར་ཞིབ་ཀྱི་དུས་ཚོད་ཡིན་སྟབས། བསྐྱར་ཞིབ་ནན་མོ་ཡོང་ཐབས་དང་རྒྱལ་སྤྱིའི་ཁྲོད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་སོགས་ཀྱི་ཆེད་དུ་ཡིན་པ་གསུངས་བྱུང་།
ད་ཐེངས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བ་དེ་འདི་ཚེས་༡་ནས་༢་བར་ཉིན་གཉིས་རིང་ཚོགས་བཞིན་པ་དང་། ཚོགས་ཐོག་སྲིད་སྐྱོང་མཆོག་གི་གཙོས་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། ཧེང་གྷི་རི་གྲོང་སྡེ་སྤྱི་ཁྱབ། སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་ཚོགས་ཆུང་གི་ཚོགས་གཞོན་བཅས་དབུ་བཞུགས་ཐོག རྒྱལ་སྤྱིའི་ཁྱོན་ནས་རྒྱལ་ཁབ་བཅུ་བཞི་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་དང་། སྦེལ་ཇམ་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད། ཡོ་རོབ་སྤྱི་འཐུས་བཅས་མི་གྲངས་བདུན་ཅུ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༣་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ལས་ཁུངས་ཀྱི་མི་སྣ་ཁག་ཅིག་དང་། སུད་སིའི་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་གནང་རྒྱུ་དང་། བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁག་ལ་གསུངས་བཤད་གནང་རྒྱུ་ཡིན་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་བཅུ་པའི་ཚེས་༢༧་ནས་བཟུང་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གི་གཟིགས་སྐོར་གནང་བ་ནི། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས། ཕྱིའི་རྒྱལ་ཁབ་ཁག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། རབ་སྒང་ཚེ་ཕུན། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།