སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་འདུག

2023.11.24
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་སྐབས། ༡༡།༢༣།༢༠༢༣
CTC

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་(Ottawa)་རུ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཟླའི་ཚེས་༢༣ཉིན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ནས། རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་བྱུས་འོག་བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་གནས་སྟངས་ཁག་འགྲེལ་བརྗོད་གནང་བ་དང་སྦྲགས། ཁེ་ཎ་ཌ་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་རྒྱལ་ཁབ་གཞན་ལྟར་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་ཡོང་བ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་རྒྱ་ནག་གཞུང་གི་འོས་མིན་བྱ་སྤྱོད་ལ་གདོང་ལེན་གནང་དགོས་པའི་རེ་འདུན་ཞུས་གནང་བ་དང་། དེ་མིན་ཁེ་ཎ་ཌའི་གཞུང་གིས་རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་། སྔར་ལྷག་རྒྱབ་སྐྱོར་རྒྱུན་འཁྱོངས་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་མཇལ་འཕྲད་གནང་སའི་གནད་ཡོད་མི་སྣ་ཚོས་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

404292443_739320578222179_6320240282448181973_n.jpg
དེ་མིན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Arif Virani)་ལགས་ཉེ་ཆར་ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དུ་བསྐོ་གཞག་གནང་བར་བརྟེན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་(James Maloney)་ལགས་ཚོགས་གཙོར་བསྐོས་གནང་ཡོད་པས། མ་འོངས་པར་བོད་དོན་དང་འབྲེལ་བའི་ཐོག་ལ་ལས་དོན་གནང་ཕྱོགས་ཐད་མཇལ་འཕྲད་ཀྱིས་གོ་བསྡུར་ཞུས་ཡོད་འདུག
ཚེས་༢༢ཉིན་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Greg Fergus)་ལགས་དབུ་བཞུགས་ཐོག་གྲོས་ཚོགས་འཐུས་མི་(James Maloney)་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཊའི་གྲོས་ཚོགས་སུ་ཕེབས་བསུ་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ནི། འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་སྐུ་ཚབ་ཡིན། ཁེ་ཎ་ཌའི་ནང་གནས་སྡོད་བོད་མིའི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་སྐོར་སྙན་སེང་ཞུས་ནས་ངོ་སྤྲོད་གནང་ཡོད་འདུག་ལ། རྗེས་སུ་སྲིད་སྐྱོང་མཆོག་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Greg Fregus)་ལགས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་ཁོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་དང་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་བཀའ་མོལ་བྱུང་འདུག
སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་ཁེ་ཎ་ཌ་བོད་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་གཉིས་ཀྱིས་གསུངས་ན། ད་ཐེངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་རྒྱལ་སའི་ཁུལ་དུ་ཉིན་གྲངས་བཞི་ཡི་རིང་གཞུང་དོན་འཚམས་གཟིགས་གནང་བའི་རིང་། ཁེ་ན་ཌའི་བློན་ཆེན་རིམ་པ་དང་ཕྱི་སྲིད་ལས་ཁུངས་ཀྱི་འཐུས་མི། གྲོས་ཚོགས་འཐུས་མི་བཅས་ཁྱོན་གནད་ཡོད་མི་སྣ་༣༢་ལྷག་དང་མཉམ་མཇལ་མོལ་བྱུང་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན། བློ་འདོན་ལྟེ་གནས་ཁང་གི་གནད་དོན་མི་སྣ་བཅས་དང་མཇལ་མོལ་གྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་གནས་སྟངས་སོགས་བོད་དོན་བཀའ་མོལ་གནང་བ་དང་། མ་འོངས་བར་ཁེ་ཎ་ཌ་གཞུང་གི་ངོས་ནས་བོད་དོན་སྲིད་བྱུས་དང་ཁྲིམས་འཆར་ཞིག་བཏོན་རྒྱུའི་རེ་འདུན་ཞུས་གནང་བ་སོགས་ངོ་སྤྲོད་གནང་བྱུང་།
འདི་ཚེས་༢༤ཉིན་སྲིད་སྐྱོང་མཆོག་ཨ་མི་རི་ཀའི་(Minnesota)་ཁུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། དེ་ནས་རིམ་པས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གསུམ་ནང་ཕེབས་རྒྱུའི་མཛད་འཆར་ཡོད་པ་རེད་འདུག


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎