སྲིད་སྐྱོང་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

2023.11.29
སྲིད་སྐྱོང་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨའོསི་ཊིརི་ཡའི་(Austria)་རྒྱལ་ས་ཝིཡི་ནར་(Vienna)་ཕེབས་འབྱོར་སྐབས། ༡༡།༢༨།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌ་དང་ཨ་མི་རི་ཀའི་ནང་གི་གཞུང་འབྲེལ་མཛད་རིམ་ཁག་འགྲུབ་རྗེས། ད་ལྟ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་ཚེས་༢༨ཉིན་ཨའོསི་ཊིརི་ཡའི་(Austria)་རྒྱལ་ས་ཝིཡི་ནར་(Vienna)་ཕེབས་འབྱོར་བྱུང་འདུག་ལ། གནམ་ཐང་དུ་ཨའོསི་ཊིརི་ཡ་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་དང་། ས་གནས་བོད་མི་མང་ཚོགས་ཀྱིས་དགའ་བསུའི་སྣེ་ལེན་ཞུས་གནང་འདུག

Sikyong Penpa Tsering eu (2).jpg
སྲིད་སྐྱོང་མཆོག་ཨའོསི་ཊིརི་ཡར་མ་ཐོན་གོང་ཚེས་༢༧ཉིན་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་སི་པན་(Spain)་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་(Barcelona)་ཡོད་པའི་བོད་ཁང་དུ། ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས་ཉེ་དུས་ཁོང་ཁེ་ཎ་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། གཞན་ཡང་བློན་ཆེན་རིམ་པ་དང་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་དང་མཇལ་འཕྲད་ཀྱིས་བོད་དོན་བཀའ་མོལ་གནང་སྐོར་དང་། ཕྱི་ཟླ་༡༠་པའི་ནང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་རྒྱལ་ཁབ་མེཀ་སི་ཀོ་དང་ཀོ་ལིམ་སྦི་ཡ། ཀོས་ས་རི་ཀ་བཅས་རྒྱལ་ཁབ་གསུམ་ནང་བོད་དོན་དྲིལ་བསྒྲགས་དང་འབྲེལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་དང་། དེ་ནས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ཁྲིམས་འཆར་གསར་པ་གཏན་འབེབས་ཡོང་རྒྱུར་རྒྱབ་སྐྱོར་ཐོབ་ཐབས་ཆེད་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་མཇལ་འཕྲད་བཀའ་མོལ་གནང་སྐོར། གཞན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བསམ་ཤེས་ཞུ་དགོས་གལ་ཆེ་བ། བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་གི་གལ་གནད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཤུགས་ཆེ་གནང་དགོས་པ་དང་མི་ཉམས་རྒྱུད་འཛིན་གནང་དགོས་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སྙིང་བསྡུས་ཤིག་དང་གཞན་ཡང་དྭང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་ཆེ་བ་སོགས་བཀའ་སློབ་གནང་ཡོད་འདུག
དེ་བཞིན་བོད་ཁང་གི་འགན་འཛིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ལ་བོད་ཁང་དེ་བཞིན་ས་གནས་བོད་མི་མང་ཚོགས་ཀྱི་ཆེད་དུ་ཚོགས་ཁང་དང་གཟའ་མཇུག་སློབ་གྲྭ་ཚོགས་ས་སོགས་ཀྱི་ཆེད་མཐུན་འགྱུར་གནང་བར་ལེགས་གསོལ་གྱི་ཐུགས་རྗེ་ཆེ་གསུངས་འདུག
དེའི་རྗེས་སུ་ས་གནས་བོད་མི་རྣམས་ཀྱིས་སྲིད་སྐྱོང་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གསལ་བཤད་གནང་འདུག
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ས་གནས་བོད་མི་རྣམས་དང་ལྷན་དུ་མཇལ་མོལ་རྗེས། ནང་ཆོས་ལ་ཐུགས་སྣང་གནང་མཁན་ཕྱི་རྒྱལ་གྱི་མི་སྣ་ཁག་ཅིག་དང་ཟུར་དུ་མཇལ་འཕྲད་གནང་བ་དང་། ཚེས་༢༨་ཉིན་བོད་ཁང་ནང་(La Vanguardia)་ཞེས་པའི་གསར་ཁང་གི་བཅར་འདྲི་དང་ལེན་གནང་བ་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎