སློབ་སྦྱོང་ཡག་པོ་ཡོད་ཐོག་ཡ་རབས་བཟང་སྤྱོད་ལྡན་ན་ད་གཟོད་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཕྱི་ཚད་ལྡན་ཞུ་ཐུབ། སྲིད་སྐྱོང་མཆོག་གིས།

2021-12-02
Share
སློབ་སྦྱོང་ཡག་པོ་ཡོད་ཐོག་ཡ་རབས་བཟང་སྤྱོད་ལྡན་ན་ད་གཟོད་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཕྱི་ཚད་ལྡན་ཞུ་ཐུབ། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭ་དང་ལས་རིགས་སྦྱོང་བརྡར་ཁང་དི་གཏམ་བཤད་གནང་བཞིན་པ། ༡༢།༢།༢༡
བློ་བཟང་། /RFA

འདི་ཚེས་༢་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཁམས་གླིང་ཚང་གཞིས་སྒར་དང་། དེ་ཁུལ་དུ་ཡོད་པའི་རྒྱུད་གྲྭ་དང་བཤད་གྲྭ་གཙོས་དགོན་སྡེ་ཁག་ཏུ་གཟིགས་ཞིབ་གྲུབ་རྗེས། སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭ་དང་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཀྱི་གནས་སྟངས་རྒྱུས་ལོན་བྱས་པ་བརྒྱུད་སྔར་དང་མི་འདྲ་བར་ལས་རིགས་རྣམ་གྲངས་དང་སྤུས་ཚད། དེ་བཞིན་ལས་མིའི་གྲངས་འབོར་ཐད་འཕར་ཆ་ཆེན་པོ་ཞིག་ཐེབས་ཏེ་ཡར་རྒྱས་ཆེན་པོ་ཕྱིན་པའི་ཚོར་སྣང་བྱུང་ཞེས་བསྔགས་བརྗོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱིར་བཏང་གི་སློབ་སྦྱོང་དང་ལག་ཤེས་སློབ་སྦྱོང་བར་ཆེ་མཐོང་གཅིག་པ་སྤྲད་དེ། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལས་མི་མང་ཙམ་གསོ་སྐྱོང་བྱེད་རྒྱུ་ཡིན་ཅེས་དང་། ད་དུང་བོད་པའི་སྤྱི་ཚོགས་ཁྲོད་ལག་ཤེས་མི་སྣ་སྐྱེད་བསྲིང་བྱེད་རྒྱུ་དེ་གལ་ཆེར་བརྩི་བཞིན་ཡོད་པས། མ་འོངས་པར་ལས་རིགས་ཆེད་སྦྱོང་བྱེད་མཁན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་ཀའི་ཁོར་ཡུག་གང་མང་མང་བསྐྲུན་ཐབས་གནང་རྒྱུ་ཡིན་ཞེས་གསུངས་སོང་།
ད་དུང་བཙན་བྱོལ་བོད་མིའི་མི་འབོར་འཕེལ་འགྲིབ་ལ་ལྟོས་ཏེ་སློབ་མའི་ཤེས་ཡོན་ལ་འཐུས་ཤོར་མི་འགྲོ་བའི་ཆེད་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་རྒྱུའི་ཐད་བསམ་གཞིགས་བྱེད་མུས་ཡིན་པ་དང་། དེ་བཞིན་སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་གྱི་གནས་ཚད་དང་། སློབ་མའི་གྲངས་འབོར་སོགས་འཕར་རྒྱས་ཕྱིན་ཏེ་ཡར་རྒྱས་ཆེན་པོ་ཞིག་ཕྱིན་འདུག་ཅེས་དང་། མ་འོངས་པར་སློབ་གྲྭའི་གནས་སྟངས་ཇི་ཆགས་བོད་ཁྱིམ་སློབ་གྲྭའི་ཐག་གཅོད་ལ་རག་ལས་ཀྱི་ཡོད་ཅེས་དང་། སློབ་གཉེར་བ་ཚོར་འབྲི་ཀློག་གིས་མཚོན་པའི་སློབ་སྦྱོང་ཡག་པོ་ཡོད་པ་ཙམ་གྱིས་མི་འགྲིག་པར་ཡ་རབས་གུས་བརྩི་དང་ལྡན་པའི་མི་སྣ་ཞིག་འཚར་ལོངས་བྱས་པ་ཡིན་ན་ད་གཟོད་གཞི་ནས་བོད་པའི་སྤྱི་ཚོགས་ལ་ཞབས་ཕྱི་ཚད་ལྡན་ཞུ་ཐུབ་མཁན་ཞིག་ཆགས་ཀྱི་ཡོད་པ་གསུང་འདུག
གོང་གི་སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭའི་ནང་ད་ལྟའི་ཆར་སློབ་མ་༣༨༡་ཡོད་པ་དང་། སྤྱི་ལོ་༢༠༠༤་ནས་ད་བར་ཁྱོན་སློབ་མ་༡༨༥༧་ཙམ་ཐོན་པའི་ཁྲོད་འབུམ་རམས་པ་༡༣་དང་། སྨན་པའི་སློབ་ཡོན་ཐོབ་མཁན་༢༣ དེ་བཞིན་འཆར་འགོད་པ་གཙོས་སློབ་ཡོན་འདྲ་མིན་ཐོབ་སྟེ་སྤྱི་ཚོགས་འདྲ་མིན་ནང་ཞབས་ཕྱི་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་རེད་འདུག
ཐེངས་འདིར་སྲིད་སྐྱོང་མཆོག་ཁམས་གླིང་ཚང་བོད་མིའི་གཞིས་སྒར་དང་། དེའི་ཁུལ་གྱི་དགོན་སྡེ་ཁག །སེལ་ལ་ཀུལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་། སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭ ཁེ་ར་ཀེམ་བོད་མིའི་གཞིས་སྒར་བཅས་སུ་ཆེད་ཕེབས་ཀྱིས་སློབ་གྲྭའི་ཤེས་ཡོན་གྱི་གནས་སྟངས་དང་། མི་མང་གི་བདེ་སྡུག་གི་གནས་སྟངས་བཅས་རྒྱུས་ལོན་བྱས་ཡོད་པ་རེད། ཕྱི་ཚེས་༣་ཉིན་ཨུཏ་ཏིར་ཁན་ཌི་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། དེ་ནས་སིར་མོ་རྫོང་ཁོངས་པོན་ཊ་དང་། སྤུ་རུ་ཝ་ལ། ཁམས་ཀཿཐོག ཀོམ་རུའོ་བོད་མིའི་གཞིས་སྒར་བཅས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།