སྲིད་སྐྱོང་མཆོག་གིས་ལུག་སེམ་བྷོག་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་བཅུ་པའི་ཚེས་༡༠་ཉིན་སྲིད་སྐྱོང་མཆོག་ལུག་སེམ་བྷོག་(Luxembourg)་ཏུ་ཕེབས་འབྱོར་ བྱུང་སྐབས་ས་གནས་བོད་མི་རྣམས་ཀྱིས་གནམ་ཐང་དུ་ཕེབས་བསུ་ཞུས་འདུག་ལ། དེ་ནས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ཡོ་རོབ་རྩིས་ཞིབ་ཚོགས་པའི་ཚོགས་མི་ལྕམ་(Laima Andrikiene)་ལགས་ནས་ཕེབས་བསུ་གནང་འདུག
ལྕམ་(Laima)་ལགས་ནི་ལི་ཐུ་ནི་ཡཱ་ནས་ཡིན་པ་དང་། ཁོང་ཆུང་དུས་ཕ་མས་མ་འོངས་པར་རང་དབང་ལྡན་པའི་ལི་ཐུ་ནི་ཡཱར་མི་ཚེ་སྐྱེལ་རྒྱུའི་དུས་ཚོད་འཆར་ངེས་ཡོང་བའི་སྐོར་གསུངས་མྱོང་ཡོད་པ་དྲན་གསོ་གནང་བ་དང་འབྲེལ། ཁོང་གིས་དེ་མཚུངས་བོད་མི་རྣམས་ལའང་སྐྱིད་པའི་ཉི་མ་འཆར་ངེས་ཡིན་ཞིང་། དེའི་ཆེད་ཁོང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག དེ་བཞིན་ཁོང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་སྐུ་ལས་སྐྱོན་བཞིན་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་བོད་མི་རྣམས་ལ་ཕན་གྲོགས་རྒྱུན་མཐུད་ནས་གནང་རྒྱུ་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་ཁོང་ལོ་རྗེས་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་སྐུ་མགྲོན་དུ་མགྲོན་ འབོད་གནང་འདུག
དེའི་རྗེས་སྲིད་སྐྱོང་མཆོག་གིས་(Luxembourg)་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཞིང་། ཚོགས་པ་དེས་བོད་མི་སྤྱི་དང་ལྷག་པར་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ལ་སློབ་ཡོན་རོགས་སྐྱོར་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་པའི་ཚོགས་གཙོ་(Pierre Baumann)་ལགས་ཀྱིས་ཚོགས་མི་རྣམས་ངོ་སྤྲོད་དང་སྦྲགས། བོད་དོན་འཐབ་རྩོད་སྐོར་གླེང་མོལ་གནང་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཉིད་ཀྱི་གོ་སྒྲིག་འོག་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་དོན་གཏམ་བཤད་གནང་བའི་ནང་། བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་དང་། ས་ཁམས་ཆབ་སྲིད་ཀྱི་གལ་གནད་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་འགངས་སྐོར། ལྷག་པར་རྒྱ་ནག་གཞུང་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་དྲག་གནོན་བྱེད་བཞིན་ཡོད་པས། གཟབ་གཟབ་གནང་གལ་ཆེ་བའི་སྐོར་ལམ་སྟོན་གནང་འདུག
སྲིད་སྐྱོང་མཆོག་དང་ལྷན་དུ་སྦེལ་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ལྷན་བཅར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
དེའི་སྔོན་ཚེས་༩ཉིན་སྲིད་སྐྱོང་མཆོག་གིས་ནེ་རྡར་ལན་ཌིའི་ནང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཉན་ཞིབ་ལ་མཉམ་ཞུགས་གནང་བ། གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བའི་འབྲེལ་ཡོད་མི་སྣ་སོགས་མཇལ་འཕྲད་གནང་བ། ཁུལ་དེའི་བློ་འདོན་ལྟེ་གནས་ཁང་ཞིག་གི་འགན་འཛིན་དང་ཞིབ་འཇུག་མི་སྣ་མཉམ་དུ་མཇལ་འཕྲད་གནང་ནས་བོད་དོན་སྐོར་ལ་གོ་བསྡུར་གནང་བ་བཅས་བྱུང་ཡོད་པ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།