༧གོང་ས་མཆོག་གནས་གཟིགས་ཆིབས་བསྒྱུར་གཙོས་ཧིན་བོད་བར་གྱི་ཕྱི་དྲིལ་སྲིད་བྱུས་ཁག་རྒྱ་གར་གཞུང་དང་གོ་བསྡུར་གྱི་ལམ་ནས་བྱེད་མུས་ཡིན་ཞེས་སྲིད་སྐྱོང་གིས་གསུངས་སོང་།

2021-11-27
Share
༧གོང་ས་མཆོག་གནས་གཟིགས་ཆིབས་བསྒྱུར་གཙོས་ཧིན་བོད་བར་གྱི་ཕྱི་དྲིལ་སྲིད་བྱུས་ཁག་རྒྱ་གར་གཞུང་དང་གོ་བསྡུར་གྱི་ལམ་ནས་བྱེད་མུས་ཡིན་ཞེས་སྲིད་སྐྱོང་གིས་གསུངས་སོང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གསར་འགོད་པ་དང་ཤེས་ཡོན་ཅན་ཁག་ཅིག་དང་མཉམ་དུ་བོད་དང་རྒྱ་དཀར་ནག་གི་གནད་དོན་སྐོར་ལ་གླེང་མོལ་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་བསྐོང་ཚོགས་གནང་བ་།
Photo: RFA

འདི་ཟླ་བ་༡༡ ཚེས་༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བརྟེན་གཞིར་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་(India International Centre) དུ་རྒྱ་གར་བ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གསར་འགོད་པ་དང་ཤེས་ཡོན་ཅན་ཁག་ཅིག་དང་མཉམ་དུ་བོད་དང་རྒྱ་དཀར་ནག་གི་གནད་དོན་སྐོར་ལ་གླེང་མོལ་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་བསྐོང་ཚོགས་གནང་བ་ལྟར། སྲིད་སྐྱོང་མཆོག་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷན་དུ་མཉམ་ཞུགས་ཀྱིས་༧གོང་ས་མཆོག་བོད་དང་རྒྱ་ནག་ཏུ་གནས་གཟིགས་ཆིབས་བསྒྱུར་དང་འབྲེལ་བའི་བོད་དང་རྒྱ་གར་གྱི་ཕྱི་དྲིལ་སྲིད་བྱུས་ཐད་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། 


སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་དཀར་ནག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་བཀའ་ལན་གནང་པའི་ཁྲོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་འདི་ལོའི་ཕྱི་ཟླ་༥པའི་ནང་བོད་ནང་སླེབས་རྗེས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མཐོང་རྒྱུ་མེད་པས་བོད་ནང་དམ་དྲག་དང་ཛ་དྲག་གི་གནས་སྟངས་རང་འཇགས་ཡིན་པ་དང་། ༧གོང་ས་མཆོག་གནས་གཟིགས་སུ་ཆིབས་སྒྱུར་དང་བོད་ཀྱི་གནད་དོན་ཐོག་ལ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐབས་ཤེས་རྒྱུན་མ་ཆད་པ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུང་གནང་ཡོད།

གསར་འགོད་པ་ཞིག་གིས་སྲིད་སྐྱོང་མཆོག་དང་ད་ལྟའི་རྒྱ་གར་གྱི་གཞུང་འཛིན་དང་འབྲེལ་བ་གང་འདྲ་ཡོད་པའི་སྐོར་དྲིས་པར། སྲིད་སྐྱོང་མཆོག་གིས་་་་་་་རྒྱ་གར་གཞུང་ནི་བོད་ལ་ཧ་ཅང་གི་བཀྲིན་ཆེན་པོ་ཆགས་ཀྱི་ཡོད་སྟབས། བོད་དང་༧གོང་ས་མཆོག་གི་གནད་དོན་གཙོས་པའི་གནད་དོན་གང་འདྲ་ཞིག་ཡིན་རུང་རྒྱ་གར་གཞུང་དང་ཕྱི་གསལ་ནང་གསལ་གནང་གི་ཡོད་པ་དང་། ཁོང་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ད་བར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་དང་མཐོ་རིམ་དཔོན་རིགས་དང་འབྲེལ་བ་ཡག་ཐག་ཆོད་ཡོད་པ་མ་ཟད། ལམ་སྟོན་ཞུ་དགོས་པའི་གནད་དོན་ཁག་ལ་ལམ་སྟོན་ཡང་ཞུ་བཞིན་ཡོད་སྐོར་གསུང་གནང་སོང་།

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་འཁུར་བཞེས་པ་ནས་བཟུང་ད་བར་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཐེངས་ཁ་ཤས་ཤིག་གནང་ཟིན་ཡོད་པ་རེད་འདུག། ཡང་གསར་འགོད་པ་ཞིག་གིས་རྒྱལ་དབང་ཀརྨ་པ་མཆོག་འདས་པའི་ལོ་གཉིས་ནས་ས་གནས་གང་དུ་ཆིབས་སྒྱུར་བསྐྱང་ཡོད་པ་ཁ་གསལ་མེད་པ་དང་། རིན་པོ་ཆེ་མཆོག་ནས་རྒྱལ་ཁབ་གཞན་གྱི་མི་སེར་ཕྱག་ཁྱེར་བཞེས་ཡོད་སྐོར་གནས་ཚུལ་མང་དག་ཐོན་བཞིན་ཡོད་སྟབས་སྲིད་སྐྱོང་མཆོག་ནས་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་སྒྱུར་ཡོང་རྒྱུའི་ཐད་ལ་རྒྱ་གར་གཞུང་དང་བཀའ་བསྡུར་གནང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐོར་ལ་རྒྱ་གར་གཞུང་དང་བཀའ་བསྡུར་གནང་ཡོད་པ་དང་། རྒྱ་གར་གཞུང་ནས་ཀྱང་རིན་པོ་ཆེ་མཆོག་ཚུར་རྒྱ་གར་ལ་ཆིབས་སྒྱུར་བསྐྱང་ཐུབ་པའི་ཐུགས་འདོད་འདུག་ཅེས་བཀའ་ལན་གནང་སོང་བ་མ་ཟད། སྲིད་སྐྱོང་མཆོག་གིས་ང་ཚོའི་ངོས་ནས་རྒྱ་གར་གཞུང་གི་དགོངས་པ་བཞེས་ཕྱོགས་དང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་ཕྱོགས་གང་ཡིན་ཕྱོགས་གཉིས་དབར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་གནང་ཆོག་པ་ཞུས་ཡོད་ཅེས་དང་། འོན་ཀྱང་འདི་ལོར་རིན་པོ་ཆེ་མཆོག་དགུང་ཀེག་འཁེལ་བའི་རྐྱེན་གྱིས་ཕྱི་ནང་གི་མི་སུ་ཞིག་དང་མཇལ་འཕྲད་གནང་རྒྱུའི་ཐུགས་འདོད་གནང་གི་མེད་སྟབས། ལོ་རྗེས་མའི་བོད་ཀྱི་ལོ་གསར་རྗེས་ལ་མ་གཏོགས་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཡོང་ཐབས་མེད་པ་བཀའ་ལན་གནང་སོང་།

རྒྱལ་དབང་ཀརྨ་པ་མཆོག་སྤྱི་ལོ་༢༠༠༠ ལོར་བོད་ནས་རྒྱ་གར་དུ་གསང་སྟབས་ཀྱིས་འབྱོར་རྗེས། སྤྱི་ལོ༢༠༡༨ ལོར་commonwealth of Dominica ཞེས་པའི་རྒྱལ་ཁབ་ཀྱི་མི་སེར་ཕྱག་ཁྱེར་བཞེས་ཏེ་ད་བར་རྒྱ་གར་དུ་ཕྱིར་ཕེབས་ཐུབ་མེད་པ་རེད་འདུག །
ཐེངས་འདིའི་ལས་རིམ་གོ་སྒྲིག་གནང་མཁན་རྒྱ་གར་ཕྱི་སྲིད་གསར་འགོད་མཐུན་ཚོགས་སམ་རྒྱལ་སྤྱིའི་གསར་ཁང་འདྲ་མིན་ནང་ཕྱག་ལས་གནང་མཁན་གྱི་རྒྱ་གར་གསར་འགོད་མཐུན་ཚོགས་དེ་ནི་སྤྱི་ལོ་༡༩༨༣ ལོར་གསར་བཙུགས་གནང་འདུག་པ་དང་། ཚོགས་པ་དེས་ད་བར་བོད་དང་རྒྱ་དཀར་ནག་གི་གནད་དོན་གཙོས་རྒྱལ་སྤྱིའི་གནད་དོན་ཁག་མང་ཚོགས་ལ་གསལ་ཁ་དང་གོ་རྟོགས་སྤེལ་ཆེད་ལས་རིམ་མང་པོ་ཞིག་གོ་སྒྲིག་གནང་མུས་རེད་འདུག 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།